R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༢༡
[A:༣༢༡]ནག་པོ་ཆེན་པོ་མཆེ་བ་ཅན་གྱི་བསྐུལ་མཛད་པའི་ཚེ་སྐད་སྙན་པོ་སྒྲོག་བཞིན་པའི་བྱ་རོག་ཆེན་པོ་ལྔ་ནམ་མཁའ་ལ་ལྡིང་ཞིང་འཁོར་ཟིལ་ཤིན་ཏུ་ཆེ་བས་བདག་ཅག་ལ་སོགས་པའི་ཕྱགས་ཕྱི་བ་ཐམས་ཅད་ཀྱང་ཤེས་པ་ས་འུར་གནམ་འུར་ལ་སོང༌། དྲུང་ཆེན་སེར་པོ་བྱ་བས་རྗེ་ཉིད་དཔའ་བོ་བྲམ་ཟེའི་གཟུགས་ཅན་དངོས་སུ་མཐོང་ཟེར་ལ། གཏོར་མ་དེ་ཤར་ཕྱོགས་ཀྱི་ཐོག་མཐིལ་དུ་ཕུལ་བ་སང་སྔ་དྲོ་བལྟས་པས་སྐྱ་སྟེངས་སུ་རྩེ་མོ་ཤར་ལ་བསྟན་ནས་སླེབ་འདུག་ཅིང༌། དེ་ནས་འཕྲལ་དུ་ཆིངས་འགྲིག་ནས་ཟླ་བ་དང་པོའི་ཡར་ཚེས་ལ་སྒར་གྱེས་བྱུང་ལ། དེའི་གཏང་རག་ཡིན་གསུངས་ནས་དཔལ་མགོན་གྱི་ཕྱག་མཚན་རྣམས་ཤིན་ཏུ་ལེགས་པ་ཞིག་མཛད། བདག་ལ་གསུང་ངག་རིན་པོ་ཆེ་གནང་བའི་གྲོལ་སྟོན་གྱི་ཚོགས་ལྷག་ཉེ་གནས་ཡེ་ཤེས་པས་ཐོག་ཁ་ནས་ཕྱིར་འཕངས་པའི་ཚེ། རྡོ་བཅལ་ལག་མཐིལ་ལྟར་སྙོམས་པའི་ཁྲོད་ནས་གློ་བུར་དུ་མི་ཆེན་པོ་ཐོག་སོ་ཙམ་ཞིག་ལངས་བྱུང་ནས་ལྷག་མ་དེ་དག་ཁྱེར་སོང་བ་མཐོང་ནས་སྐྲག་བཞིན་དུ་བྲོས་བྱུང་བ་དང༌། རྡོ་རྗེ་འཕྲེང་བའི་གྲོལ་སྟོན་གྱི་ཚོགས་ལྷག་སྐྱེལ་བའི་གདོང་ལ་མི་གཟུགས་མར་མེའི་གྲིབ་མ་ལྟ་བུ་རིབ་བེ་བ་མང་པོ་འགྲོ་ཡི་འདུག་པ་མི་མང་པོས་མཐོང་བ་སོགས་བྱུང་ལ། དེས་མཚོན་པ་དུ་མ་ཞིག་ཡོད་མོད་ཐམས་ཅད་བྲི་བར་ག་ལ་ནུས། དེ་བཞིན་དུ་རྗེས་སུ་འཛིན་པའི་བྱིན་རླབས་ཀྱང་དཔག་པར་མི་ནུས་པ་ཡིན་ཏེ། བདག་གི་ཡབ་དགུང་ལོ་ང་གཉིས་པའི་ཚེ་ཤིན་ཏུ་བསྙུན་པ་ཡུན་རིང་པོའི་བར་དུ་བྱུང་བ་ལ་སྐུ་རིམ་དང་སྨན་དཔྱད་སོགས་ཕན་པར་བསམས་པ་དེ་དང་དེ་དག་འབད་པས་བསྒྲུབས་མོད་ཅུང་ཟད་ཕན་པར་མ་གྱུར་པ་ན་བདག་གི་བླ་མ་ཐུགས་རྗེ་ཆེན་པོ་འདི་སྤྱན་དྲངས་ནས་བཀའ་དབང་གི་བྱེ་བྲག་དུ་མ་ཞིག་གསན་པའི་ཚེ། སྐབས་ཤིག་