R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༢༠
[A:༣༢༠]ཕེབས་པར་མཛད་དེ་སྲོད་ཐུན་གྱི་ཐུན་གཏོར་རྣམས་ཉེ་བར་གནས་པས་རྟབ་རྟབ་ལ་ཕྱིར་མ་ཕུལ་བ་ལ་བརྟེན། རྗེ་ཉིད་གཟིམས་ཆུང་གི་སྒོར་བྱོན་པ་ན་མཚན་ཕྱེད་ཙམ་ཡིན་ཀྱང་ཐམས་ཅད་ཀྱིས་མཐོང་སར་བྱ་རོག་གཉིས་ཤིག་དྲུང་དང་ཉེ་བར་བབས་ཏེ་སྐད་འབྱིན་པར་བྱེད་པས་གཏོར་མ་དེ་མ་ཕུལ་བ་འདྲ་གསུང༌། བལྟས་པས་དེ་ནི་འདུག་པ་ཕུལ་མ་ཐག་བྱ་རོག་དེ་དག་འཕུར་ཏེ་མི་སྣང་བར་སོང་བ་དང༌། གཟིམས་ཆུང་ནོར་རྒྱས་ན་བཞུགས་པའི་སྐབས་ཤིག་བདག་སྐུ་གཞོགས་ན་གསོལ་བའི་གྲལ་ལ་ཡོད་པའི་ཚེ། གཟིགས་ཆུང་ཕྱི་མའི་སྒོ་ཕྱེ་བྱུང་བ་ལ་ལྟོས་དང་གསུང༌། བདག་གིས་བལྟས་པས་སྐྱེས་བུ་མདོག་སྔོ་སང་མཆུ་བིམ་པ་ལྟར་དམར་བ། རྒྱ་དང་ཁ་སྤུ་རིང་ཞིང་སྐྲ་ཐོར་ཅོག་ཏུ་བཅིངས་པ། དུང་ལོང་ཁྲོལ་ལེ་བ་ཞིག་གིས་བལྟས་ཏེ་འཛུམ་པ་ཞིག་བྱས་ལོག་སོང་བ་འདི་ལྟར་འདུག་ཞུས་པས། དེ་ནི་ས་སྐྱ་པའི་མོན་ཆུང་པུ་ཏྲ་ཞེས་བྱ་བ་དེ་ཡིན། བྱིས་པ་དེས་གཏོར་མ་མ་ཕུལ་ཡོད་པ་ཡིན་གསུང༌། བལྟས་པས་སྔ་དྲོའི་ཐུན་གཏོར་རྣམས་གཟིམས་ཆུང་ཕྱི་མའི་སྟེགས་ཤིག་ན་བཞག་འདུག་པ་བདག་གིས་འབུལ་དགོས་བྱུང་བ་དང༌། གཏོར་འབུལ་སོགས་ནམ་མཛད་ཀྱང་གཏོར་མ་ས་ལ་ལྷུང་བ་མིས་འགོམས་ཡུགས་སུ་སོང་བ་རྣམས་དེར་འདུས་པའི་བྱ་རོག་སུས་ཀྱང་མི་ཟ་ཞིང༌། ཕྱིར་བསྐྱུར་བ་སོགས་ནི་མིག་ལྡན་ཐམས་ཅད་ཀྱིས་མཐོང་བ་དེ་ཡིན་མོད། ཁྱི་ལོ་དབུས་གཙང་གི་སྡེ་འཁྲུག་ཆེན་པོ་དེ་བྱུང་བའི་ཚེ། གསུང་ལས། རྒྱ་འདྲེ་འདིས་སྡེ་དཔོན་རྣམས་ཀྱི་རྒྱུད་དཀྲུགས་ནས་དབང་མི་འདུག་པས་སེམས་ཅན་མང་པོ་སྡུག་ལ་སྦྱོར་བར་གདའ། ད་ལམ་དཔལ་མགོན་ལ་འཕྲིན་ལས་ཤིག་ཞུ་དགོས་པ་འདུག་གསུངས་ནས། ཟླ་བ་བཅུ་གཉིས་པའི་ཉེར་གསུམ་ལ་དཔལ་མགོན་གྱི་གཏོར་ཆེན་རྒྱས་པ་ཞིག་མཛད་དེ་གཏོར་མ་གཏོང་བར་ཁ་ཐོག་ཏུ་བྱོན་པ་ན་མཚན་ཕྱེད་ཙམ་གྱི་དུས་ཡིན་ཀྱང་