R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༩༠
[A:༢༩༠]འགྲོ་བ་ལྟ་བུའི་ཟུག་རྔུ་དང་བཅས་པའི་སེར་མ་ལངས་ཡོང་ཞིང་འདུག་ནའང༌། མི་འཆི་ཙམ་ཡོང་ངམ་ཤི་ན་ཡང་བཟོད། འདུལ་བའི་བསླབ་བྱ་ཁྱད་བསད་ན་མི་ཡོང་ངམ་སྙམ། ཉི་མ་ཕྱེད་ཡོལ་ཕན་ཆད་ཐུག་པ་རེ་ཙམ་ཡང་འཐུང་བ་མ་བྱས་ཞེས་གསུང་ལ། །མདོར་ན་མང་དུ་སྨོས་པས་ཅི་ཞིག་བྱ། ཉིད་ཀྱི་སྐུ་སྲོག་ལ་བབ་ཀྱང་ཕྱི་དྲོའི་ཁ་ཟས་ཕྲ་མོ་ཙམ་མི་བཞེས་པར་སྲུང་སྡོམ་མཛད་ན་ཕམ་པ་དང༌། དགེ་འདུན་ལྷག་མ་དང༌། སྦོམ་པོ་ལ་སོགས་པའི་ཉེས་པས་ཚུལ་ཁྲིམས་ཀྱི་ཕུང་པོ་ལ་གོས་པའི་སྐབས་ག་ལ་ཡོད༌། ཤིན་ཏུ་བཏང་དཀའི་སྐུ་སྲོག་ཡལ་བོར་ན། །རྙོག་བྲལ་ཚུལ་ཁྲིམས་བསྲུང་ལ་ངོ་མཚར་ཅི། །ཉོན་མོངས་གཡུལ་ལས་རྒྱལ་བའི་དཔའ་བོ་རྣམས། །ཚུལ་འདིས་བདུད་སྡེ་འདུལ་བ་ཆོས་ཉིད་ཡིན། །ཕྱིས་སྐུ་ཚེའི་མཇུག་ལ་བསྐྱེད་རྫོགས་ཀྱི་ཐུགས་དམ་ཟབ་མོའི་ཉམས་བཞེས་གཙོ་བོར་མཛད་པས། ཉི་མ་ཕྱེད་ཡོལ་ཀྱང་ཐུགས་དམ་གྱི་རིམ་པ་རྣམས་མ་གྲོལ་གྱི་བར་དུ་གདན་བཞེས་མི་མཛད་པར་ཉན་ཐོས་དང་ཐུན་མོང་བའི་ཕྱི་དྲོའི་ཁ་ཟས་སྤོང་བ་སོགས་བཏང་སྙོམས་སུ་མཛད་པ་ནི། དུས་ཀྱི་འཁོར་ལོ་ལས། གདུལ་བྱའི་སྐྱེ་བོ་ངེས་པ་དང་བྲལ་བ་ཞེས་གསུངས་པའི་དོན། ཉན་ཐོས་དང་རང་རྒྱལ་གྱི་བསླབ་པ་ལ་མཐའ་གཅིག་ཏུ་ཞེན་པ་དང་བྲལ་བ་ལ་བཤད་ཅིང༌། དེའི་རྒྱུ་མཚན་ཡང་རྡོ་རྗེ་ཐེག་པའི་ལམ་ཉམས་སུ་ལེན་པའི་གྲོགས་སུ་འགྲོ་ན་ཉན་ཐོས་ཀྱི་ཐེག་པ་ལས་བཀག་པ་རྣམས་ཀྱང་ཐེ་ཚོམ་དང་རྟག་པ་མེད་པར་སྤྱོད་དགོས་པ་ཡིན་ལ། དེས་ན་བདག་གི་བླ་མ་དམ་པ་འདི་ནི་ཤིན་ཏུ་འཕངས་པའི་སྐུ་སྲོག་ལས་ཉན་ཐོས་དང་ཐུན་མོང་གི་སོ་ཐར་བསླབ་པ་གཅེས་པར་བསྲུང་ཞིང༌། དེ་ལས་ཀྱང་རྡོ་རྗེ་ཐེག་པའི་རྣལ་འབྱོར་རྣམས་ཆེས་