R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༨༩
[A:༢༨༩]མོ་ཞེས་སུ་ཞིག་གིས་རྟོགས་པར་ནུས། འོན་ཀྱང་རགས་པའི་གནས་འགའ་ཞིག་བརྗོད་ན། བདག་གི་མཁན་པོ་ཁ་བ་ཅན་པའི་ངུར་སྨྲིག་འཆང་བ་ཐམས་ཅད་ཀྱི་གཙུག་གི་ནོར་བུར་གྱུར་པ་འདིས་བདེ་བར་གཤེགས་པའི་བསྟན་པའི་རྩ་བ་སོ་སོར་ཐར་པའི་སྡོམ་པ་ཚིགས་སྔ་ཕྱི་ཡང་དག་པར་བཞེས་པ་ལ་བརྟེན་ནས་ངེས་པར་འབྱུང་བའི་ཚུལ་ཁྲིམས་ཀྱི་བསླབ་པ་རིན་པོ་ཆེ་སྤྱན་གྱི་འབྲས་བུ་ལྟར་གཅེས་པར་འཛིན་པར་མཛད་དེ། །དགག་སྒྲུབ་གནང་གསུམ་གྱི་བསླབ་པའི་གཞི་རྣམས་ཕྱིན་ཅི་མ་ལོག་པར་མཁྱེན་ནས་བསླབ་པར་བྱ་བ་ཕྲ་ཞིང་ཕྲ་བ་ཚུན་ཆད་ཀྱང་བླང་དོར་ཚུལ་བཞིན་དུ་མཛད་ལ། ཁྱད་པར་བསྙེན་པར་རྫོགས་ནས་ཡུན་རིང་པོའི་བར་དུ་སྡོར་དཀར་གདན་གཅིག་གི་བརྟུལ་ཞུགས་ཤིན་ཏུ་དམ་པ་ལ་གནས་པར་མཛད་དེ་སྐབས་འགར་ཆོས་ལྡན་གྱི་བྱ་བས་གཡེངས་ནས་ཉི་མ་ཕྱེད་གོང་དུ་གདན་བཞེས་མ་གྲུབ་ན་དེ་ཉིན་གསོལ་བ་མི་བཞེས་པ་སོགས་མཛད། གཞན་ཡང་ཐ་ན་ཆོས་གོས་ཟླུམ་པོར་བགོ་བ་དང༌། ཁ་མ་བཀྲུས་པར་ཟས་མི་ཟ་བ་དང༌། ཟོས་ནས་སླར་འཁྲུད་པ་དང༌། འབགས་པ་ལ་ཕྱག་མི་བྱ་བ་དང༌། ཕྱག་འཚལ་བའང་ཡན་ལག་སྨད་ལྔ་ས་ལ་གཏུགས་པའི་ཕྱག་ཤིན་ཏུ་གུས་པར་མཛད་པ་སོགས་སྤང་བླང་ཕྲ་མོ་ལ་ལས་སླ་དང་ཁྱད་གསོད་དང་ངོ་ལྐོག་མཛད་པ་ལྟ་ཅི་སྨོས། བདག་ཅག་ལ་སོགས་པ་སྐུ་འཁོར་ན་འདུག་པའི་དགེ་སྦྱོང་མ་བསྡམས་ཤིང་བག་མེད་པ་རྣམས་ལའང་ལན་ཅིག་མ་ཡིན་པར་འདི་བཞིན་བྱེད་དགོས་པ་ཡིན་གསུང་ལེགས་པའི་ལམ་ཁོ་ན་ལ་ནན་གྱིས་སྦྱོང་བར་མཛད། གསུང་ལས་ཀྱང༌། ང་གཞོན་པའི་དུས་ངོར་དཀར་དང༌། ངང་ཚུགས་ཤིན་ཏུ་དམ་པས་ཇ་བཟང་པོ་འཐུངས་པའི་རྐྱེན་བྱས་མགོ་བོ་གས་