R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༧༣
[A:༢༧༣]རྗེས་གནང༌། ཕུར་སྟོད་ལ་དཔལ་འཛིན་གྱིས་སྦྱོར་བའི་མན་ངག་གི་བེ་བུམ་ལ་སོགས་པ་ཡི་གེ་མང་པོའི་ལུགས། རྡོ་རྗེ་འཇིགས་བྱེད་ས་ལུགས་དང༌། གཤིན་རྗེ་དགྲ་ནག་པོ་ཞང་ལུགས་སུ་གྲགས་པའི་དབང༌། གྲུབ་ཆེན་ལཱ་ལི་ཏ་བཛྲས་མཛད་པའི་གཤིན་རྗེ་གཤེད་འབྱུང་བ། དེའི་རྣམ་པར་བཤད་པ་གཤིན་རྗེ་གཤེད་ཀྱི་ཞིང་ཁམས་བཀོད་པ་ལ་འཇུག་པའི་རྒྱན་ལ་སོགས་པ་ཡི་གེ་མང་པོ་དང༌། གཤིན་རྗེ་གཤེད་དམར་པོ་ལྷ་བཅུ་གསུམ་མའི་དབང་བསྐུར་བ་རྣམས་གསན་ཅིང་ཐུགས་སུ་ཆུད་པར་མཛད་ལ། གཉིས་སུ་མེད་པའི་རྒྱུད་དཔལ་དུས་ཀྱི་འཁོར་ལོའི་འགྲེལ་བཤད་ཆེན་པོ་ཆོས་རྗེ་དཔལ་ལྡན་དམ་པས་མཛད་པའི་ལུང་ཡོངས་སུ་རྫོགས་པར་གསན་ཏེ། ལུགས་འདི་དེང་སང་གི་བར་དུ་མ་ནུབ་པར་བཞུགས་པ་ནི་བདག་གི་བླ་མ་འདིའི་འཕྲིན་ལས་ཀྱི་ཆོ་འཕྲུལ་གཅིག་པུར་ཁུམས་སོ། །རྣལ་འབྱོར་གྱི་རྒྱུད་ལ་ཀུན་རིག་རྩ་བའི་དཀྱིལ་འཁོར་ཤཱཀྱ་སེང་གེ་སྐུའི་དཀྱིལ་འཁོར་ལ་སོགས་པ་སྦྱོང་རྒྱུད་ནས་གསུངས་པའི་དཀྱིལ་འཁོར་བཅུ་གཉིས་ཀྱི་དབང༌། སྤྱོད་པའི་རྒྱུད་ལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང༌། རྟོག་པ་ལས་གསུངས་པའི་འོད་ཟེར་ཅན་ལྷ་ལྔའི་དབང༌། བྱ་བའི་རྒྱུད་ལ་གཙུག་ཏོར་གདུགས་དཀར་མོ་ཅན་ལྷ་ཞེ་གཉིས་ཀྱི་དབང་ལེགས་ལྡན་མཆེད་གསུམ་གྱི་རྗེས་གནང་དང་བཅས་པ། སློབ་དཔོན་བྲམ་ཟེ་མ་ཎི་བཛྲས་བཀྲལ་བའི་རྡོ་རྗེ་རྣམ་པར་འཇོམས་པ་ལྷ་བཅུ་དགུའི་དབང༌། རྒྱ་བོད་ཀྱི་ཡི་གེ་རྣམས་ཀྱི་ལུང༌། སློབ་དཔོན་འགྲོ་བཟང་སྙིང་པོའི་ལུགས་ཀྱི་ཕྱག་ན་རྡོ་རྗེའི་དབང༌། གཟུངས་གྲྭ་ལྔའི་དབང་རྣམས་དང༌། བྱང་སེམས་ཟླ་བ་རྒྱལ་མཚན་གྱི་ལུགས་ཀྱི་