R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༢༦༩
[A:༢༦༩]ཟུར་བཀའ། ཕྱི་སྒྲུབ་ཀྱི་མན་ངག་གི་ཡི་གེའི་ཚོགས་བསྐང་བ་རྣམ་དག་ཚོགས་གཏོར་མ་ཡན་དཀར་ཆག་ནང་བཞིན་གསན་ལ། དེ་དག་གི་དོན་ཐམས་ཅད་ཀྱང་ཐུགས་སུ་ཆུད་པར་མཛད་པ་ཡིན་ནོ། །དེ་ལྟར་ན་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་ཉིད་ཀྱི་ཐུགས་བརྩེ་བས་ཡང་ནས་ཡང་དུ་རྗེས་སུ་བཟུང་ཞིང༌། མན་ངག་གི་སྙིང་པོར་གྱུར་པ་དེ་ཙམ་ཞིག་གནང་བའི་མཐར་ཆོས་ཀྱི་དབྱིངས་སུ་སྙོམས་པར་ཞུགས་པའི་ཚུལ་བསྟན་པ་ལ་བརྟེན་ནས་ལུགས་འདིའི་མན་ངག་གི་གནད་ས་སྐྱ་ཚད་ཀྱི་མཁས་གྲུབ་འུར་རྒྱངས་ཅན་རྣམས་ཀྱི་མིག་དང་རྣ་བའི་ལམ་དུ་མ་འོངས་པ་དུ་མ་ཞིག་ཡོད་པ་དེ་དག་གསན་པར་བཞེད་ནས་ཆོས་ཀྱི་རྒྱལ་པོ་དེའི་རྒྱལ་ཚབ་གཅིག་པུ་མཁས་པ་དང་གྲུབ་པའི་འཁོར་ལོ་སྒྱུར་བ་ཆེན་པོ་སའི་སྟེང་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་རྗེ་བཙུན་རྡོ་རིང་པ་ཆེན་པོ་ཀུན་བཟང་ཆོས་ཀྱི་ཉི་མ་བློ་ལྡན་ཤེས་རབ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས་ཞེས་མཚན་ཙམ་ཐོས་པས་ཀྱང་སྲིད་ཞིའི་རྒུད་པ་འཕྲོག་པ་ལ་གཅིག་ཏུ་དཔའ་བ་དེའི་ཞབས་ལ་གཏུགས་ཏེ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ་ཉམས་ཁྲིད་དུ་ཡོངས་སུ་རྫོགས་པ། ལམ་ཟབ་ཕྱི་ནང་བིར་བསྲུང་ཐུན་མོང་དང་ཐུན་མོང་མ་ཡིན་པ་ལ་སོགས་པའི་དབང༌། བྱིན་རླབས་ལམ་བསྡུས་ཏེ་སྒྲུབ་པའི་ལུང་བྱིན་པའི་བར་ཡོངས་སུ་རྫོགས་པ། དེ་དག་གི་ཡི་གེ་རྣམས་མ་ཚང་བ་མེད་པ། ལམ་སྐོར་ཕྱི་མ་བརྒྱད་དང་བཅས་པ་དང༌། རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ནཱ་རོ་མཁའ་སྤྱོད་ཀྱི་བྱིན་རླབས། དེའི་མན་ངག་རྫོགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཀའ་འབུམ་པོད་བཞི་མར་གྲགས་པ་ཡོངས་སུ་རྫོགས་པ། བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀའ་འབུམ་ཕལ་ཆེ་བའི་ལུང༌། རྡོ་རྗེ་ནག་པོ་ཆེན་པོ་