R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༨༦
[A:༣༨༦]འཁོར་ལོ་ཆེན་པོ་སྟེ་ཕ་རྒྱུད་ཀྱི་དཀྱིལ་འཁོར་བཅུ། བདེ་མཆོག་སྡོམ་འབྱུང༌། དྲིལ་བུ་ལྷ་ལྔ། མཻ་ཏྲི་བཅུ་གསུམ་མ། ལཱ་མ་བཅུ་གསུམ་མ། མཁའ་འགྲོ་རྒྱ་མཚོའི་སྙིང་པོའི་དཀྱིལ་འཁོར། ཕག་མོ་མངོན་འབྱུང་སོ་བདུན་མ། རྡོ་རྗེ་གཞོན་ནུ་ལྷ་ང་གཅིག །མི་གཡོ་བ་བླ་མེད་ལྷ་བཅུ་གསུམ་པ། ཚེ་དཔག་མེད་གྲུབ་རྒྱལ་ལུགས་ལྷ་སོ་བདུན་པ་དང༌། བཅུ་གསུམ་མ། སྒྲོལ་མ་ལྷ་བཅུ་བདུན་མ། ཨུ་རྒྱན་སྒྲོལ་མ་ལྷ་ཉེར་ལྔ། རྣམ་འཇོམས་བིར་ལུགས། གུར་གྱི་མགོན་པོ་ལྷ་བརྒྱད་དང༌། བཅུ་བདུན་མ་སྟེ་མ་རྒྱུད་ཀྱི་དཀྱིལ་འཁོར་བཅོ་ལྔ། གཞན་ཡང་བླ་མ་ཡི་དམ། ཆོས་སྐྱོང་ནོར་ལྷ་སོགས་བསམ་གྱིས་མི་ཁྱབ་པ་ལ་ལོགས་བྲིས་སུ་བཞེངས། སྤྲུལ་སྐུ་མཁས་པ་ཆེན་པོ་བདེ་བསམ་པ་དཔོན་སློབ་རྣམས་ཀྱིས་རྗེ་བཙུན་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་ལ་སོགས་པ་གསུང་ངག་བརྒྱུད་པའི་བླ་མ་རྣམས་བཞེངས། རྟེན་གྱི་གཙོ་བོ་རྗེ་བཙུན་ཉིད་ཀྱི་སྐུ་ནི་གྲུབ་ཐོབ་ཀྱི་འཁོར་ལོ་སྒྱུར་བ་ལྕེ་སྟོན་རིན་པོ་ཆེས་ཕྱག་ལེན་མཛད་ལ། བདག་གིས་གཟུངས་ཀྱི་ཞུ་དག་དང་དོ་དམ་པ་བགྱིས་ཏེ། མདོར་ན་བཟོ་བོ་ལས་བྱེད་ཁོ་ན་ལྔ་བཅུ་ལྷག་ཙམ་ལ་དུས་རྒྱུན་དང་ཁྱད་པར་བའི་བསྙེན་བཀུར་ཆེས་མ་རབས་རྣམས་ཀྱང་བསམ་པ་ཁེངས་པ་དེ་ལྟ་བུས་གཞི་རྟེན། ཞལ་ངོ་སོ་སོ་དང༌། ནང་འཁོར་དང༌། མངའ་ཞབས་ཀྱི་དད་པ་ཅན་དུ་མས་སྐབས་ཆང་དང་བཞེས་སྤྲོ་སོགས་ཀྱིས་ཟུར་ནས་བརྒྱན་ཏེ་མཆོད་བཞིན་པས། ནང་རྟེན་གསུང་ངག་རིན་པོ་ཆེའི་བརྒྱུད་པ་ངོར་ལུགས་ཡོངས་སུ་རྫོགས་པ། བདག་ཆེན་འཇམ་དབྱངས་ཆེན་པོ། རྗེ་བཙུན་བརྩེ་བ་ཆེན་པོའི་སྐུ་འཐེབ་ཏུའང་མི་ཚད་ལྷག་ངེས་དང་བཅས་པ་ཐམས་ཅད་ཀྱང་ཕྱག་ཚད་དང་ལྡན་ཞིང་སྐུ་བྱད་ལྟ་བས་ཆོག་མི་ཤེས་པ་ལྟ་བུ། རྗེ་བཙུན་ཉིད་ཀྱི་གདུང་ཐལ་དང་དྲི་དང་སྨན་དང་རིན་པོ་ཆེ་དུ་