R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༧༤
[A:༣༧༤]དང་དོན་བདུན་འདས་ཤིང༌། རྗེ་ཉིད་ཀྱིས་དགུང་ལོ་དྲུག་ཅུ་རྩ་བརྒྱད་བཞེས་པ་མེ་ཕོ་འབྲུག་གི་ལོ། །ཟླ་བ་དྲུག་པའི་ཉེར་དགུའི་མཚན་སྔ་ཕྱེད་ཙམ་ན་རྒྱུད་སྡེ་ཟབ་མོ་ནས་བཤད་པའི་འདའ་ཁ་མས་མཚམས་སྦྱར་ཏེ་མཁའ་ཁྱབ་ཀྱི་ཏིང་ངེ་འཛིན་འགོག་པ་བདེན་པ་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད་དེ། དཔའ་བོ་དང་རྣལ་འབྱོར་མ་རི་རབ་ཀྱི་རྡུལ་དང་གྲངས་མཉམ་པ་ནམ་མཁའི་གཏོས་ཡོངས་སུ་གང་བ་རྣམས་ཀྱིས་ལྷ་རྫས་ཀྱི་མེ་ཏོག་ལ་སོགས་པའི་མཆོད་པ་དཔག་ཏུ་མེད་པས་མཆོད་ཅིང་གདུགས་དང་རྒྱལ་མཚན་དང་བ་དན་གཡོ་བ་ལ། རོལ་མོའི་སྒྲ་དབྱངས་སྙན་པོ་དང་བཅས་པས་སྤྱན་དྲངས་ཏེ། གནམ་གང་གི་ཉི་མ་ཕྱེད་ཙམ་ན་ཐག་ཅེས་པའི་སྒྲ་ཆེན་པོ་དང་ལྷན་ཅིག་ཏུ་དབུའི་གཙུག་ཏོར་སོར་བཞི་ལྷག་པར་གྱེན་དུ་འཕགས་ཏེ། ཡེ་ཤེས་ཀྱི་རླུང་གིས་གཙུག་ཏོར་ཕུག་ནས་མཆོག་གི་གྲོང་ཁྱེར་དུ་གཤེགས་ནས་རྡོ་རྗེ་འཛིན་པའི་ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད་པ་ཡིན་ནོ། །ཨེ་མ་སྲིད་ལམ་དུབ་པས་ཆེར་ངལ་བ། །བདག་ཅག་འཁོར་མཚོ་སྒྲོལ་བའི་དེད་དཔོན་མཆོག །བསོད་ནམས་དབང་གིས་ལན་ཅིག་རྙེད་པ་དེ། །རྨི་ལམ་ནོར་བུ་ཇི་བཞིན་དེ་རིང་གཏོར། །མཐོང་ཚེ་དུག་གསུམ་མུན་པ་ཀུན་སེལ་ཞིང༌། །ཉམས་རྟོགས་པདྨ་གསར་དུ་ཁ་འབྱེད་པ། །ཕན་བདེའི་སྦྲང་རྩི་རྒྱས་ལ་མི་ངལ་བའི། །ནམ་མཁའི་ནོར་བུ་ཆོས་དབྱིངས་ནུབ་རིར་སོན། །ཐོས་པ་ཙམ་གྱིས་སྙིང་ལ་ཀུན་དགའ་སྟེར། །བསམས་ནས་འཁོར་བའི་གཅོང་ཆེན་དྲུང་ནས་འབྱིན། །སྙན་ཅིང་འཇེབས་ལ་དོན་བཞིན་འདོམས་པའི་གསུང༌། །ད་དུས་ཐོས་པའི་སྐལ་བ་ཅི་ཞིག་ཡོད། །ཆོས་རྗེ་མཁས་གྲུབ་གཞན་དག་མཐོང་བས་ཀྱང༌། །ཆོས་རྒྱལ་དེ་ཉིད་སྙིང་གི་དཀྱིལ་ནས་དྲན། །ཆོས་བཞིན་གདུལ་