R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༧༣
[A:༣༧༣]གཟིགས་ཤིང་ཞལ་འཛུམ་པ་ཞིག་མཛད། དེ་མ་ཐག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བའི་ཚུལ་བསྟན་ཏེ། དེའང་སྔར་སྨོས་པ་ལྟར་དགུང་ལོ་བཅུ་དགུ་ལས་མི་བཞུགས་པ་དེ་བཞི་བཅུ་ཞེ་བཞིའི་བར་བསྲིངས། དེ་ནས་སྲོག་རྩོལ་ཞག་བདུན་པ་དེས་དྲུག་ཅུ་རྩ་གཅིག་གི་བར་བསྲིངས་འདུག་ལ། དེ་ལོ་སྐུ་དོག་ཤིན་ཏུ་ཆེ་བ་ཡོད་འདུག་པ་ལྟར་གཅུང་པོ་ཆོས་ཀྱི་རྗེའི་མནལ་ལམ་དུ་བདེ་བ་ཅན་ལ་སྤྱན་འདྲེན་པ་མང་པོ་ལྷགས། རྗེ་ཉིད་ཀྱང་འབྱོན་སྤྲོ་བར་འདུག་པ་ལ། བསེ་འབག་ཡིན་སྙམ་པ་ཞིག་གིས་ཕྱག་ཕུལ་ཏེ་ཡུན་རིང་དུ་བཞུགས་དགོས་ཞུས་པ་ན། རྡོ་རྗེ་འཕྲེང་བ་དང༌། མཁའ་འགྲོ་རྒྱ་མཚོ་འདི་གཉིས་དར་པོ་མི་འདུག་པས་འདི་གཉིས་སྤེལ་ཐུབ་པ་ཞིག་བྱས་ཏེ་ལོ་ལྔ་བསྡད་ནས་ཡོང་གི་ཞེས་ཕོ་ཉ་བ་དེ་དག་བཟློག་པར་མཛད་པ་གསལ་པོ་ཞིག་བྱུང་འདུག་པ་ལྟར། བོ་དོང་རྫོང་གི་གཟིམས་ཆུང་ཕུན་ཚོགས་རབ་བརྟན་དུ་རྡོ་རྗེ་བཟླས་པ་ཞག་བདུན་པ་ཞིག་མཛད་པ་དགུང་སྐེག་ལས་གྲོལ། དེ་ནས་ལོ་རེ་བཞིན་སྦྱིན་བདག་ཆེན་པོས་གསོལ་བ་བཏབ་སྟེ། ཇོ་ནང་ནས་སྒྲུབ་ཆེན་མ་བདེ་བ་དཔལ་མོ་དཔོན་སློབ་ལྔ་དྲུག་རེས་ལོ་རེ་བཞིན་བརྟན་བཞུགས་འབུལ་བ་དང༌། རྡོ་རྗེའི་བཟླས་པ་ཡང་ལོ་རེ་བཞིན་མཛད་ཀྱི་འདུག་པའི། སྟག་མོ་བརྟན་བཞུགས་ཀྱི་སྐབས། བདག་ཀྱང་རྟ་ནག་ནས་ཞབས་དྲུང་དུ་སླེབ། ཚོགས་འཁོར་གྱི་ཐོག་ཏུ་འབུལ་བ་རྒྱ་ཆེན་པོ་དང་བཅས་སྦྱིན་བདག་ཆེན་པོ་ཡབ་ཡུམ་སྲས་བཅས་ཀྱིས་ཡུན་རིང་དུ་བཞུགས་པའི་གསོལ་བ་འདེབས་ཀྱི་འདུག་པ་ལྟར། བདག་གིས་ཀྱང་གཉན་ལོཙྪ་བ་དང་སྒྲུབ་ཆེན་ཁྱུང་པོ་སོགས་ཀྱིས་སྐུ་ཚེའི་ལོ་རྒྱུས་ཞུས། དེ་ཙམ་བཞུགས་པར་ཞུས་པས་བཞད་པ་ཙམ་ཞིག་མཛད། བདག་ལ་གསོལ་རས་གསུམ་གནང་བའང་བརྡ་ཐབས་སུ་འདུག་མོད་ཕྱིས་སུ་གོ་བ་ཙམ་དུ་གདའ། མདོར་ན། ཐུབ་པའི་དབང་པོ་ཆོས་ཀྱི་དབྱིངས་སུ་སྙོམས་པར་བཞུགས་ནས་དུས་འཁོར་བ་ལྟར་ན་ལོ་གཉིས་སྟོང་སུམ་བརྒྱ་