R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༦༡
[A:༣༦༡]སླ་ཞིང་བརྗོད་བདེ་ལ་རྣ་བར་སྙན་པ་གཞན་ལ་ཕན་པ་འབའ་ཞིག་ཡོད་པ་ཡིན་ནོ། །གཞན་གྱིས་བྱས་པའི་ཡི་གེ་མཐའ་དག་ལ། །རང་རང་བློ་དང་བསྟུན་པའི་བཅོས་ཀ་དང༌། དབུ་ཞབས་ཚིགས་བཅད་སྤོས་ནས་ངས་སྦྱར་ཞེས། །གླེགས་བམ་བརྒྱ་ཕྲག་བསྒྲིགས་ལ་ངོ་མཚར་ཅི། །ཚད་ལྡན་རྒྱུད་ཀྱི་ཆུ་གཏེར་དངོས་སུ་འཁྲུངས། །རྒྱུན་ལྡན་བླ་མའི་ཞལ་གདམས་འོད་ཀྱིས་ཕྱེ། །དོན་ལྡན་སྦྲང་རྩིས་གཏམས་པའི་དྲི་བསུང་ཅན། །སྐལ་ལྡན་བུང་བའི་ཚོགས་ཀྱི་བསོད་ནམས་བཞིན། །གླེགས་བམ་གྲངས་སུ་འདྲེན་པས་ཆེར་ངལ་བའི། །མཁས་རློམ་ཁྱེད་རྣམས་སྙིང་ལས་ཆུང་གྱིས་དང༌། །ཅུང་ཟད་ཙམ་འདིས་གཞན་ལ་ཕན་པ་བཞིན། །ཁྱེད་ཀྱིས་སྦྱར་བ་ཀུན་གྱིས་ནུས་རེ་ཀན། །དེ་ལྟར་འཆད་པ་དང་རྩོམ་པ་ལ་སོགས་པའི་མཁས་པའི་བྱ་བ་སྒྲུབ་པར་འོས་ལ་ཕན་ཆེ་བ་དེ་དག་ལྷུར་མཛད་པའི་མཐུས་གསུང་གི་བདུད་རྩིས་བློ་གྲོས་ཀྱི་ལུས་རྒྱས་ཏེ། རང་གཞན་གྱི་དོན་མཛད་པ་ལ་ངལ་བ་སྤངས་པའི་མཁས་གྲུབ་དུ་མ་ཞིག་བསྐྲུན་པར་མཛད་མོད། ཐམས་ཅད་བགྲང་བར་ག་ལ་ནུས། མདོ་ཙམ་སྨོས་ན་རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་ཡིད་བཞིན་གྱི་ནོར་བུས་ཐུགས་ཀྱི་བང་མཛོད་ཡོངས་སུ་གང་ཞིང་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་ཀྱི་འཁོར་ལོ་སྒྱུར་བའི་དབང་ཕྱུག །སའི་སྟེང་ན་འགྲན་པའི་ཟླ་ཐམས་ཅད་དང་བྲལ་བའི་དཔལ་ཆོས་ཀྱི་རྗེ་ཞྭ་ལུ་གསེར་ཁང་གི་གདན་ས་བཅུ་གསུམ་པ། མཁན་ཆེན་ཐམས་ཅད་མཁྱེན་པ་ཚར་ཆེན་ཆོས་ཀྱི་རྒྱལ་པོ་བློ་གསལ་རྒྱ་མཚོ་གྲགས་པ་རྒྱལ་མཚན་དཔལ་བཟང་པོའི་ཞལ་སྔ་ནས། སྡེ་སྣོད་རྒྱ་མཚོའི་ཕ་རོལ་ཏུ་