R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༥༤
[A:༣༥༤]རྗེ་ཉིད་ཀྱིས་རྡོ་རྗེའི་སློབ་དཔོན་མཛད་ནས་དཔོན་སློབ་རྣམས་ཀྱིས་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་པའི་སྒྲུབ་མཆོད་ཞག་བདུན་པ་ཞིག་མཛད་པའི་དཀྱིལ་འཁོར་དང་རྣལ་འབྱོར་པ་རྣམས་མཆོད་ཅིང་བསྙེན་བཀུར་བའི་ཡོ་བྱད་ཐམས་ཅད་ཤིན་ཏུ་ཕུན་སུམ་ཚོགས་པ་ཕྱག་ཉིད་ནས་གནང༌། དེའི་ཕྱི་ལོའང་སྒྲུབ་མཆོད་ཞག་བདུན་པ་ཞིག་མཛད་པའི་བསྙེན་བཀུར་བ་ཐམས་ཅད་མ་ཚང་བ་མེད་པ་སྡེ་པ་གནས་གསར་ནས་ཀྱིས་བསྒྲུབས། དེ་ནས་བཟུང་སྟེ་ལོ་རེ་བཞིན་གཞིར་བཞུགས་ཀྱི་སྒྲུབ་ཆེན་ཐམས་ཅད་འཚོགས་པའི་སྒྲུབ་མཆོད་རྡུལ་ཚོན་ལ་བརྟེན་པ་ཞག་གསུམ་རེ་འཆག་མེད་དུ་མཛད་པའི་གཞི་བརྟེན་ལ། ས་བྲེའི་ནས་ཁལ་བརྒྱ་ཐམ་པ་ཆོས་ཀྱི་རྗེ་རྒྱལ་ཚབ་དམ་པ་དཔོན་སློབ་རྣམས་ཀྱི་ཕྱག་ཏུ་བཞག་སྟེ། སྒྲུབ་མཆོད་འཆག་མེད་དང༌། གཞི་རྐྱེན་ལོག་འཚོར་མི་འགྲོ་བའི་བཀའ་བཀོད་ཀྱང་མཛད་དེ། བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱི་དགོངས་པ་རྫོགས་པའི་ཐབས་ཁོ་ན་ལ་དམིགས་པ་ཡིན་མོད། ད་ནི་དེ་དང་དེ་ཡི་དབང་ལས་ནམ་མཁའི་འཇའ་ཚོན་ལྟར་གྱུར་ཏེ་ཅི་ཞིག་བྱ། དེའང་སྒྲུབ་མཆོད་འདིའི་ཡི་གེ་ནི་སྒྲུབ་ཐབས་ཆོས་ཀྱི་རྒྱལ་པོ་འཕགས་པའི་གསུང་ཇི་ལྟ་བ་དང༌། དཀྱིལ་ཆོག་བླ་མ་སནྟེ་པའི་གཞུང་གི་དོན། ཟར་བྱང་ཕུག་པས་མཛད་པ་ཉིད་གཉན་ལོཙྪ་བའི་བཤད་སྲོལ་ས་ལུགས་འདྲེས་མེད་ཡིན་གསུང༌། བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་ཐུགས་གཙིགས་སུ་མཛད་པར་འདུག་པས། ཡི་གེ་དེ་ཉིད་ལ་ལྷན་ཐབས་ཤིག་མཛད་ཀྱང་ཡོད་པ་དེ་དག་གི་ཐོག་ནས་ཡིན། ཆོས་རྗེ་ཐམས་ཅད་མཁྱེན་པ་བུ་སྟོན་གྱིས་མཛད་པའི་སྒྲུབ་དཀྱིལ་རྣམས་ཀྱི་བརྒྱུད་པ་དུ་མའི་མན་ངག་ཕྱོགས་གཅིག་ཏུ་མཛད་ཅིང་བརྒྱུད་པ་ཡང་སོ་སོ་ལ་འདེད་པར་སྣང༌། མཁས་པ་ཁ་ཅིག་