R87: རྗེ་བཙུན་རྡོ་རྗེ་འཆང་སྒོ་རུམ་པ་ཆེན་པོ་ཀུན་དགའ་ལེགས་པའི་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་རིགས་སྔགས་ཀྱི་རྟོགས་པ་བརྗོད་པའི་གཏམ་ངོ་མཚར་ཡིད་བཞིན་གྱི་ཆུ་གཏེར་བཞད་པ།

  • Pagination (Witness A): ༣༥༥
[A:༣༥༥]གིས་སྨན་ཞབས་ཀྱི་ལུགས་གཙོ་བོར་བྱས། བརྒྱུད་པ་དྲི་མེད་སྦས་པ་ལ་དེད། མིང་ས་ལུགས་སུ་བཏགས་པ་འདྲ་མཛད་སྣང་བ་ཅི་ཡིན་བདག་ལྟ་བུའི་བླུན་པོས་ག་ལ་རྟོགས། འཇམ་དབྱངས་དངོས་ཀྱིས་བཟུང་བའི་གྲུབ་བརྙེས་དེས། འཇམ་དབྱངས་དཀྱིལ་འཁོར་ལེགས་པར་བཀྲལ་བའི་དོན། །འཇམ་དབྱངས་ས་སྐྱའི་རྗེ་བཙུན་ལས་འོངས་པ། །འཇམ་དབྱངས་མྱུར་དུ་འགྲུབ་བྱེད་ལམ་གྱི་མཆོག །མཆོག་འདི་སྲིད་མཐའ་མི་ནུབ་གནས་པའི་ཐབས། །ཐབས་མཆོག་རྒྱལ་བ་དགྱེས་དེ་ཚུགས་ལགས་མོད། །མོད་ལ་སྔོན་གྱི་ལྷ་ཡི་ནུས་པ་ལས། །ལས་བཟང་ནམ་མཁའི་འཇའ་ལྟར་གྱུར་ལ་སྐྱོ། །གླང་ལོའི་དབྱར་དབེན་གནས་བདེ་གསལ་དུ་བཞུགས་ནས། འཇིག་རྟེན་གྱི་བྱ་བ་བཞི་མདོའི་རྩྭ་ལྟར་དོར་ནས་གྲུབ་པ་ལྷུར་ལེན་པའི་རྣལ་འབྱོར་དབང་ཕྱུག་སངས་རྒྱས་བཟང་པོ་བ་སྐུ་མཆེད་སོགས་སྣོད་ལྡན་ཁ་ཅིག་ལ་གསུང་ངག་རིན་པོ་ཆེ་ལམ་ཕལ་ཆེར་རྫོགས་པ་ཞིག་གིས་གཙོས་པའི་གསུང་ཆོས་མང་དུ་གསུངས། སྟག་ལོའི་དབྱར་བྱང་ཆུབ་ཆེན་པོའི་མཆོད་རྟེན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ། ནང་དེ་བཞིན་གཤེགས་པའི་རིང་བསྲེལ་དང༌། གཟུངས་ཀྱི་སྙིང་པོ་ཅན་གྱི་ཚ་ཚ་འབུམ་ཕྲག་གཅིག་ལྷག་པ་བཞུགས་པ་ལ་གཟུངས་དང་ཕྱག་ནས་ཀྱི་བར་མཐར་ཕྱིན་པར་མཛད། སྟོན་རྗེ་བཙུན་དབོན་རིན་པོ་ཆེ་དང་བདག་ལ་སོགས་ཁ་ཅིག་ལ་གྲུབ་ཆེན་ཨུ་རྒྱན་པ་ཆེན་པོའི་ཐུགས་ཀྱི་བཅུད་རྡོ་རྗེ་གསུམ་གྱི་བསྙེན་སྒྲུབ་ཐེག་ཆེན་ཆོས་ཀྱི་རྒྱལ་པོས་མཛད་པའི་ཁྲིད་ཡིག་གི་ཐོག་ནས་ཉམས་ཁྲིད་དང༌། བསོད་ནམས་འོད་ཟེར་པ་དང༌། ཟླ་སེང་པ་ལས་བརྒྱུད་པས་ཡི་གེའི་ཚོགས་རབ་ཏུ་མང་པོའི་ལུང་རྣམས་གནང༌། ཡོས་ལོའི་