R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༦༡
[A:༡༦༡]ནས་མཛེས་པར་བསྐོར་བའི་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས། ཡིད་དུ་འོང་བའི་ནེའུ་གསིང་དང་ལྗོན་ཤིང་གི་ཕྲེང་བ་དང༌། ཆུ་བོ་སྣ་ཚོགས་དལ་གྱིས་འབབ་པའི་གཙང་གི་ནོར་འཛིན་གྱི་གཞི་དཔལ་ལྡན་ཨ་ཏི་ཤ་ཉིད་ཀྱིས་ཆེས་ཆེར་བསྔགས་ཤིང་བྱང་ཆུབ་སེམས་དཔའ་ལག་ན་པདྨས་ངེས་པར་སྐྱོང་བའི་དཔལ་སྣར་ཐང་གི་ཆོས་གྲྭ་དང་འདབས་ཆགས་པ། སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཀུན་དགའ་བཟང་པོས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་གནས་ཨེ་ཝཾ་ཆོས་ལྡན་དང་ཉེ་བའི་ས་ཕྱོགས། གཙང་ཆུ་སྒོའི་སྦུགས་རྡོ་རིང་བསམ་འགྲུབ་སྨོན་མཁར་ཞེས་བྱ་བ་ཡིན་ནོ། །པད་དཀར་འཛིན་པའི་སྤྱན་རས་ཀྱིས་འཚོ་བའི། །ཀུ་མུད་གསར་པའི་འོད་ཆགས་ཁ་བའི་ལྗོངས། །འཆི་མེད་གྲོང་ཁྱེར་འཛིན་མར་འཕོས་འདྲ་བ། །དེ་ནི་བདག་ཉིད་ཆེན་པོའི་བསྟི་གནས་ཡིན། །འདིའི་རིགས་ནི་བོད་ཀྱི་རྒྱལ་པོ་བྱང་ཆུབ་སེམས་དཔའི་རྣམ་སྤྲུལ་མེས་དབོན་གསུམ་ལ་སོགས་པ་རིམ་གྱིས་བརྒྱུད་པའི་མཐར་ཡུམ་བརྟན་དང་འོད་སྲུངས་གཉིས་སུ་གྱེས་པའི་འོད་སྲུངས་ཀྱི་བརྒྱུད་པ། དཀྱིལ་མཁར་ལྷ་བཙུན་ཞེས་བྱ་བ་ལ་སྲས་གཉིས་བྱུང་བ་ནི་བཙད་པོ་ཇོ་ཁྲི་དང༌། རྗེ་ཨ་ཀྲོའོ། །སྔ་མའི་སྲས་ར་སོགས་དཔོན་མགོན། ཕྱི་མའི་སྲས་དཔོན་ཇོ་མགོན། འདི་ལ་སྲས་ཁྲི་དཔོན་དབང་རྒྱལ་བྱུང༌། དེ་ལ་སྲས་སྐུ་མཆེད་བཞི་འཁྲུངས་པའི་ཆེ་བ་ཆེ་ས་དཔལ་མགོན་རིན་ཅེན་པ། ཕྱིས་རབ་ཏུ་བྱུང་བའི་མཚན་ཀུན་དགའ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བ་འདི་ཉིད་རྟེན་སྐྱ་བོའི་དུས་ན་