R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༧༢
[A:༡༧༢]བཟུང་སྟེ་བཙུན་པ་བྱེད་རན་གསུངས་ཐེན་ཐེན་པ་འགའ་མཛད་བྱུང་བས། མནལ་སད་ནས་ཀྱང་དབུ་སྐྲ་ཚ་ཟེང་ངེ་བ་བྱུང༌། དེ་མ་ཐག་རྒྱལ་སྲིད་ཀྱི་དཔལ་འབྱོར་ཕུན་སུམ་ཚོགས་པ་ཐམས་ཅད་མཆིལ་མའི་ཐལ་བ་ལྟར་ལྟོས་མེད་དུ་དོར་ནས་སྦྲུལ་གྱི་ཤུན་པ་བརྗེས་པ་བཞིན་རང་ཉིད་བཀའ་བཞིན་ལྷུར་ལེན་པའི་འཁོར་གཅིག་གཉིས་དང་བཅས་པ་ཆོས་གྲྭ་ཆེན་པོ་གྲ་ཐང་གི་གཙུག་ལག་ཁང་དུ་བྱོན། རྗེ་བཙུན་དམ་པ་མཚུངས་མེད་ཤེས་རབ་ཟླ་བའི་སྤྱན་སྔར་དགུང་ལོ་སོ་བདུན་པ་སྣ་ཚོགས་དབྱིག་ཅེས་བྱ་བའི་ལོ་ལ་རབ་ཏུ་བྱུང་བར་མཛད་དེ། མཚན་ཀུན་བཟང་ཆོས་ཀྱི་ཉི་མ་བློ་ལྡན་ཤེས་རབ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ཞེས་བྱ་བར་གསོལ་བ་ཡིན་ནོ། །འཇིགས་རུང་ངམ་ནག་ཟ་བའི་རི་སུལ་གྱི། །སྦྲུལ་གདུག་མཆིལ་མས་སྦགས་པའི་ཚང་ཚིང་བཞིན། །ཉེས་བརྒྱའི་འབྱུང་གནས་ཁྱིམ་གྱི་ཕུན་ཚོགས་ལ། །རྨི་ལམ་ཙམ་དུའང་ཆགས་པའི་སྐབས་མེད་པར། །སྔོན་ཚེ་སྔོན་ནས་འབྲེལ་བའི་འདྲེན་པ་དེས། །ཡང་དང་ཡང་དུ་གསུང་གིས་བསྐུལ་བ་ལྟར། །རབ་དམར་རབ་མཛེས་བླ་གོས་དུ་ཀུ་ལས། །ཡིད་འཕྲོག་ཡིད་ཀྱི་འཛིན་མ་ཁེབས་པར་གྱུར། །དེ་ནས་བསྙེན་པར་རྫོགས་པའི་སྡོམ་པ་བཞེས་ཚུལ་ནི། སྔ་གོང་དུ་འགྲོ་བའི་བླ་མ་བདག་ཆེན་རྡོ་རྗེ་འཆང་ཆེན་པོ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོའི་སྙན་གྲགས་ཀྱིས་ཐུགས་ཡིད་ཕྲོགས་ཏེ་གསུང་ཆོས་ཀྱི་འབྲེལ་པ་ཞུ་བ་དང༌། ཞར་ལ་དཔལ་ལྡན་ས་སྐྱ་མཇལ་ཞིང་སྨན་གྲོང་རྡོ་རྗེ་པ་ནང་སོ་མཚོ་སྐྱེས་པའི་བླ་སྨན་དུ་འབོད་པ་སོགས་ལ་ཕེབས་ཏེ། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་དང་ལེགས་པར་མཇལ་གསུང་ཆོས་ཀྱི་བཀའ་དྲིན་ཀྱང་ཅི་རིགས་གསན།