R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༦༧
[A:༡༦༧]པའི་སྟོབས་ཀྱིས། རྡོ་རྗེ་འཆང་ཆེན་པོ་གཞན་དོན་ལ་དགོངས་པའི་དུས་ཀྱང་ཡབ་ཡུམ་སོགས་ཐམས་ཅད་ཀྱི་རྗེ་འདི་ལ་ཤིན་ཏུ་གསང་བར་མཛད་པའི་སྐབས་ཤིག་ཏུ་ནམ་མཁའ་གཡའ་དག་ཅིང་མེ་ཏོག་གི་ཆར་ཆེན་པོ་བབས་པ་ལ་ཕྱག་ཕྱི་བ་ཞིག་གིས་ཆོས་རྗེ་རྡོ་རྗེ་འཆང་ཆེན་པོའི་གཤེགས་རྟགས་ཡིན་པ་འདུག་ཟེར་བ་གསན་པས་ཐུགས་ཁྲལ་གྱིས་སྐས་ཁུང་ན་མར་ལྷུང་སྟེ་ཐུགས་དྲན་མེད་དུ་བརྒྱལ་བ་ལ་གཞན་རྣམས་ཀྱིས་སྣར་ཐང་པའི་མཁན་པོ་གཤེགས་པ་ཡིན་ཟེར་བའི་ཐུགས་འཁྲིད་ཕྱོགས་བྱས་པས་རྣལ་དུ་ཕེབས་པ་ཙམ་བྱུང་ཟེར་བའི་གཞོན་ནུར་དད་གུས་ཀྱི་ཡོན་ཏན་དེ་ལྟ་བུ་དང་ལྡན་ཅེས་ཐོས་སོ། །དགུང་ལོ་བཅུ་དྲུག་བཞེས་པའི་དུས་བསམ་འགྲུབ་རྩེར། སློབ་དཔོན་པདྨས་ལྷ་སྲས་མུ་ཁྲི་བཙན་པོའི་རྣམ་འཕྲུལ་དུ་ལུང་བསྟན་པའི་ཆོས་སྐྱོང་བའི་སྤྲུལ་པའི་རྒྱལ་པོ་རིན་སྤུངས་ནོར་བུ་བཟང་པོའི་དྲུང་དུ། ཡབ་དང་ལྷན་ཅིག་ཏུ་ཕེབས་ནས་ཕྱག་རྟེན་འབུལ་བ་སོགས་མཛད་ནས་ཐུགས་ཤིན་ཏུ་མཉེས་པར་བྱུང༌། ཉ་ཕྱིས་ཀྱི་ཀ་པཱ་ལ་ཨ་རག་གིས་བཀང་བ་ཞིག་གནང་ནས་འཐུང་གསུང་བ་ལ་ཡབ་ཀྱིས་འདི་ན་ཚོད་གཞོན་པས་བཟི་ཡོང་ཞུས་པས། མི་འོང་འདི་ལ་ངེད་རིན་སྤུངས་པའི་མི་དྲག་པ་རང་ཞིག་རེ་བ་ཡིན་ཕུགས་རྣལ་འབྱོར་པ་བཟང་པོ་ཞིག་འོང་ཉེན་ཡོད་གསུང་བས། ལྷག་མ་ལུས་པར་བཞེས་ནས་ཀ་པཱ་ལ་དབུ་ལ་བཀབ་པས་རྟེན་འབྲེལ་ཤིན་ཏུ་ལེགས་གསུང་ཐུགས་དགྱེས་ཤིང་བཟི་བའི་རྣམ་པའང་ཡེ་མ་བྱུང་གསུང༌། དེ་ནས་བཟུང་སྟེ་ས་སྐྱོང་དེ་ཉིད་ངོ་མཚར་བའི་ལྟས་དང་བཅས་ཏེ་མ་གཤེགས་ཀྱི་བར་ལོ་