R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༤༦ན-༢༨༡
[A:༤༦ན-༢༨༡] ༄༅། །པོ་ཏི་གཉིས། རྗེ་བཙུན་གྲགས་པའི་པོ་ཏི་གསུམ། རྗེ་ས་པཎ་གྱི་པོ་ཏི་གསུམ། འཕགས་པ་རིན་པོ་ཆེའི་པོ་ཏི་བཞི་སྟེ། གཉིས་གཉིས་གསུམ་གསུམ་བཞི་རྣམས་གླེག་བམ་གྲངས། ཤེས་པ་ལྟར་གྱི་དཀར་ཆག་ལས་ཇི་ལྟར་འབྱུང་བ་བཞིན་མ་ཚང་བ་མེད་པར་གསན་ཏེ། བློ་ཆེན་བདུད་བཞིའི་གཡུལ་ལས་རྣམ་རྒྱལ་ཞིང། །མ་ལུས་དཀྱིལ་འཁོར་ཀུན་གྱི་མགོན་པོ་མཆོག། །དྲི་མེད་མདོ་རྒྱུད་བསྟན་བཅོས་མན་ངག་གི། །སྡེ་སྣོད་གླེགས་བམ་གཅིག་གྱུར་དེ་ལ་འདུད། །ཅེས་པས་བསྟོད་དོ། །སླར་ཡང་གྲུམ་བུ་ལུངས་སུ་ཆོས་རྗེ་ནམ་མཁའ་ཆོས་བཟང་པ་ལ། ལྷོ་བྲག་ཕྱག་རྡོར་བ་ལ་རྗེ་བཙུན་སྒྲོལ་མས་དངོས་སུ་གནང་བའི་སྒྲོལ་དཀར་གྱི་ཚེ་སྒྲུབ་ལས་ཚོགས་དང་བཅས་པ། མགོན་པོ་ཏྲཀ་ཤད་ཐྭ་ན་མུ་ཁའི་རྗེས་གནང། ནག་པོ་གཅེར་བུའི་རྒྱུད་ལེའུ་བཅོ་ལྔ་པ། ཏྲཀ་ཤད་ཀྱི་མངོན་རྟོགས་རྗེས་གནང། ཉེར་མཁོའི་ལས་ཚོགས་ཡིག་སྣ་དང་བཅས་པ་འབྲི་ཕྱུག་པ་སྔགས་འཆང་རིན་ཆེན་འབུམ་གྱིས་མཛ་དཔ་དང། ལས་བྱང་རྒྱས་པ་སློབ་དཔོན་རྡོ་རྗེ་བླ་མས་མཛད་པ། འཇམ་དབྱངས་ནག་པོའི་ལུང་རྗེས་གནང་དང་བཅས་པ་གསན་ནས། མཁྱེན་བརྩེའི་ནམ་མཁའི་ཁྱོན་ལྟར་རབ་ཡངས་ཤིང། །གདུལ་བྱ་དམ་ཆོས་བཟང་པོའི་ལམ་ཁྲིད་ནས། །ཀུན་མཁྱེན་རིན་ཆེན་གླིང་དུ་སྐྱེལ་མཛད་པ། །བླ་མ་དེ་ལ་ཀུན་ནས་དང་བས་འདུད། །ཅེས་པས་ཀྱང་བསྟོད། དུས་དེར། སྨྱུག་ལ་པཎ་ཆེན་ངག་གི་དབང་པོའི་དྲུང་དུ་ཐེགས་ཏེ། བཀའ་གདམས་ལྷ་ཆོས་བདུན་ལྡན་གྱི་ཆོས་སྐོར་ལས། སྨིན་བྱེད་དབང་གི་སྐོར་ལ། ཐིག་ལེ་