R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༨བ-༢༦༦
[A:༣༨བ-༢༦༦] མེ་ཏོག་ཁ་དོག་ལྔ་པའི་ཆར་བབ་ཅིང། དྲི་བཟངས་ཀྱི་རྒྱུན་དང། ལྷའི་རོལ་མོའི་སྒྲ་སྒྲོག་པ་ལ་སོགས་པ་ངོ་མཚར་བའི་ལྟས་བསམ་གྱི་མི་ཁྱབ་པ་དང་བཅས་ཏེ་མཁན་ཆེན་རིན་པོ་ཆེ་ཆོས་དབང་པ་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ། དེ་ནས་གཟུང་སྟེ་གདུང་མཆོད་མ་གྲོལ་གྱི་བར་དུ་སྔར་གྱི་ངོ་མཚར་བའི་ལྟས་དེ་དག་དང། ཁྱད་པར་གདུང་གང་དུ་བཞུགས་པའི་ཐོག་ཏུ་ཕྱོགས་ཐམས་ཅད་ནས་འཇའ་ཁ་དོག་ལྔ་པ་མདུང་ཚུགས་སུ་ཟུག་པས། དེའི་ཚེ་ཏའི་སིཏུ་ཆོས་ཀྱི་རྒྱལ་པོའི་བཀའ་ལས། སྔོན་བདག་ཉིད་ཆེན་པོ་ས་པཎ་ལ་ལྟས་ཁྱད་པར་ཅན་འདི་ལྟ་བུ་བྱུང་ཡིན་ནམ་ཞེས་རྣ་བར་གྲགས། མིག་གི་མངོན་སུམ་དུ་གྱུར་པ་ནི་འདི་ཁོ་ནའོ་ཞེས་མངའ་འབངས་སུ་གཏོགས་པ་དང་བཅས་པ་མཐའ་དག་གིས་བསྟོད་ཅིང་མངགས་ཏེ་ཐར་པའི་ས་བོན་དུ་གྱུར། དེ་ནས་དགོངས་པ་བསྐང་བའི་མཆོད་འབུལ་སོགས་ལེགས་པར་གྲུབ་ནས། ལོ་དེ་ཉིད་ལ། འཁྲུལ་ཞིག་ཆེན་པོ་རིན་ཆེན་བཟང་པོ་ཁྲི་ཐོག་ཏུ་ཕེབས་པ་ནས། ཆོས་སྡེ་ཆེན་པོ་ངམ་རིངས་ཀྱི་བླ་མ་སློབ་དཔོན་མཁས་གྲུབ་ཀྱི་སྐྱེས་ཆེན་དམ་པ་འདུས་པ་རྒྱ་མཚོའི་ཚོགས་དང། གཞན་ཡང་གསང་སྔགས་ཀྱི་སྒོར་ཞུགས་པའི་རྣལ་འབྱོར་པ་མཆོག་དམན་བར་མ་སྐལ་བ་མཆོག་ཏུ་གྱུར་བའི་ཚོགས་ལ་དྲང་བ་དང་ངེས་པའི་དོན་ལས་བརྩིས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་སྤྱན་ཚབ་མཛད་དེ། རྗེ་དེའི་དྲུང་དུ་ཟབ་པ་དང་རྒྱ་ཆེ་བའི་གསུང་གི་གདམས་པ་