R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༦བ-༢༦༢
[A:༣༦བ-༢༦༢] སད་པའི་ཚེ། ཆོས་སྐྱོང་འདི་ལ་ཕྱག་ན་རྡོ་རྗེ་སྔོན་དུ་འགྲོ་དགོས་པའི་ངེས་པ་ཡང་མི་འདུག་ཅིང། བླ་མ་དང་ཆོས་སྐྱོང་གཉིས་ཀྱི་འཆར་ལུགས་དེ་ཡང་གང་ཟག་གིས་གང་ཟག་བྱིན་གྱིས་རླབས་པའི་ཐུགས་རྡོར་འདུག་སྙམ་པར་ཤར་གསུང། དེའི་ཚེ། དངོས་སྟོབས་རིག་པ་ཕྱོགས་ཀྱི་གླང་པོ་དང་། །བྱང་སེམས་སྤྱོད་པ་འགྲོ་མགོན་ཨཏི་ཤ། །ནུས་པ་གཤིན་རྗེ་གཤེད་དང་དབྱེར་མེད་པའི། །ཆོས་ཀྱི་དབང་ཕྱུག་ཆོས་རྗེར་ཕྱག་འཚལ་འདུད། །ཅེས་པས་ཀྱང་བསྟོད། དེར་རྗེ་ཉིད་ལ་ཚོགས་དགེ་འདུན་སྒང་པའི་སྡེ་འདི་ལུགས་གཉིས་ཀྱི་སྒོ་ནས་སྐྱོང་དགོས་པ་དང། ཁྱད་པར་སྐབས་དེར་དགེ་འདུན་གྱི་ནང་ཁྲིམས་བསྲུང་བའི་བྱ་བ་ལས་ཀྱི་འཁོར་ལོ་འཇུག་པའི་དམ་ལ་བཀར་བ་བཞིན། ཚོགས་ཀྱི་ཆོས་ཁྲིམས་རེ་ཤིག་དམ་བཅའ་མཛད། སྐབས་དེར། སངས་རྒྱས་སེང་གེ་སྒྲའི་རྣམ་འཕྲུལ་རྒྱལ་དབང་ཐམས་ཅད་མཁྱེན་པ་ཀརྨ་པ་ཆོས་གྲགས་རྒྱ་མཚོ་མདོ་ཁམས་ནས་རྐོང་པོ་རྒྱུད་རིམ་པས། བྱ་ས་ཡར་རྒྱབ་ཀྱི་ཆོས་སྡེ་ཆེན་པོ་བྱམས་པ་གླིང་གི་སྨོན་ལམ་ཆེན་མོའི་ཐོག་ཏུ་ཕེབས་པའི་བསུ་བ། མི་དབང་ཆེན་པོ་སྐུ་མཆེད་པས་ཆིབས་རགས་ཀྱི་བཀོད་པ་རྒྱ་ཆེན་པོ་དང། ཚོགས་པའི་དགེ་འདུན་བསྙེན་པར་རྫོགས་སོ་འཚལ་གྱིས་སྣམ་སྦྱར་བགོས་ཤིང། ཕྱག་ཁྱེར་ཁྱོར་གྱི་ཕྲེང་བ། འཕགས་པ་ཀུན་ཏུ་བཟང་པོའི་རྣམ་ཐར་ལ་འགྲན་པ་ལྟ་བུའི་མཆོད་རྫས་སྒྲིགས་པའི་ཚེ། རྗེ་ཉིད་ཀྱི་ཕྱག་ཏུ་གསེར་གྱི་མཎྜལ་འཇོག་བཟང་