R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༣༤ན-༢༥༧
[A:༣༤ན-༢༥༧] ༄༅། །བཀའ་ལུང་བཀའ་ཡིག་དང་བཅས་པ་ཕེབས་ནས། གྲ་ཚང་གི་ཐུགས་ཁུར་བཞེས་དགོས་པའི་བཀའ་ནན་ཆེར་འདུག་པའི་ཞུ་ལན། སྤྱིར་འདུ་འཛིའི་གཡེང་བས་ཐུགས་འབྱུང་ཚུལ་དང། སྡེ་དགོན་གནས་གཞི། ཁྱད་པར་གྲ་ཚང་འཛིན་པའི་སྐྱོན་ནད་ཞིབ་འཐེམས་ཕུལ་བས། དབོན་པོ་ཤེར་སང་པ་ནི་ཐུགས་བདེན་པར་འདུག་གསུང་ཞིང་ཕྱིར་ཐེགས་ཞུ་ལན་ཞིབ་རྒྱས་ཕུལ་འདུག་ནའང། སང་ཉིན་དབོན་པོ་ནོར་བུ་བ་བཀའ་ལུང་ནན་ཏན་དང་བཅས་པའི་གྲ་ཚང་གི་ཐུགས་ཁུར་བཞེས་དགོས་པ་སོགས། བཀའ་གྲོས་གང་ཅི་ཐུགས་བཞེད་དང་སྦྱར་བའི་བརླིང་ལུགས་མཛད་པ་མ་མཐུས་ཚུལ་དང། ངེད་ཀྱང་ཕ་རོལ་ཕྱིན་པའི་ཕྱོགས་ཀྱི་ཆོས་ཀྱིས་འབྲེལ་བའི་བཤེས་གཉེན་ཡིན་པས་དེ་མ་དགོངས་ལ་དར་ཅིག་ཅེས་ཀྱང་འབྱོན་པ་མཛོད་ཕེབས་པ་ལ། སྔར་བཞིན་གང་ཅིའི་སྐྱོན་ནད་ཞིབ་བསེད་དང། ཁྱར་པར་ད་རེས་སྐུ་མདུན་དུ་ཕྱིན་ན། བཀའ་ལུང་གསེར་གྱི་གར་བུ་ལྟར་ལྕི་ཞིང་ནན་ཡོད་པ་ཞིག་བྱུང་ན་བཟློག་པར་མི་ནུས་པས། ད་ཅིས་ཀྱང་དྲུང་དབོན་པོ་བ་ཕྱིར་ཐེགས་ནས། མཁས་གྲུབ་ཆེན་པོའི་དགོངས་པ་མི་འཁྲུག་པའི་རྒྱུ་མཚན་འབུལ་ལུགས་བདག་ལ་འཕྲལ་ཕུགས་སུ་དྲིན་ཆེ་བ་ཅིག་ཅེས་ཀྱང་མཛད་དགོས་གསུང་མ་ཐག་རྡོག་པ་བརྡབས་ཏེ། ཁྱེད་ལ་ལྟོ་ཟ་རྒྱུ་མེད།