R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༨༥ན-༣༥༩
[A:༨༥ན-༣༥༩] ༄༅། །གཏོར་མ་གྲགས་པ་གསན་ཞིང། དེའི་ཚེ་སྤྱོད་ཡུལ་གྱི་རྒྱུན་གྱི་ཐུགས་དམ་གནང་ཆོག་པའི་ཁྲིད་ཡིག་ཆུང་ངུ་ཞིག་དགོས་ཤེས་གསོལ་བ་བཏབ་པ་ན། ཆོས་འདི་གཉན་པས་རེག་ཟིག་བྱས་ཆོག་མི་ཆོག་གི་བརྟག་པ་ཅིག་བྱེད་དགོས་དགོངས་པའི་ཚེ། སང་ཐོ་རངས་རྒྱམ་ཆེན་གླིང་གི་ཀླུ་ཁང་འོག་མར་བཞུགས་སྙམ་པའི་ཐུགས་ཉམས་ལ། བུད་མེད་གཞོན་ནུ་མ་ལྔ་རྗེ་ཉིད་ཀྱི་སྐུ་དཔུང་གཡོན་པའི་སྟེང་དུ་གར་བྱེད་རྨིས་པས། ཁྲིད་ཡིག་ཐུགས་རྩོམ་གནང་ཆོག་པར་དགོངས་ཏེ། ཁྲིད་ཡིག་དང་བརྒྱུད་པའི་གསོལ་འདེབས། སྤྱོད་ཀྱི་དོན་བསྡུ་བ་ཤམ་བུ་དང་བཅས་པ་གནང། གཞན་ཡང་སྐབས་ཐམས་ཅད་དུ་གདུལ་བྱ་མཐོ་དམན་མེད་པར་གསུང་ཆོས་ཀྱི་འཁོར་ལོ་རིས་སུ་མ་ཆད་པ་བསྐོར་ཞིང། དེ་ནས་ཁྱི་ལོ་ཟླ་བ་གཉིས་པའི་ནང་དུ། འཁོར་ལོ་བསྒྱུར་བའི་སྡེ་དཔོན་ཆེན་པོ་ངག་དབང་རྣམ་རྒྱལ་བའི་དྲུང་གིས། དབོན་པོ་ནམ་མཁའ་ལྷུན་གྲུབ་པ་ལ་བཀའ་བཀོད་ཕེབས་ཏེ ཚོགས་སྡེ་ཆེན་པོ་བཀྲ་ཤིས་རྣམ་རྒྱལ་དུ་དབྱར་ཞལ་བཞེས་པ་ལ་ཕེབས་པ། མཆོད་ཡོན་གཉིས་ཀ་དགོངས་པ་རྩེ་གཅིག་ཏུ་ཡོད་པ་ལ། ཟླ་བ་གསུམ་པའི་ཚེས་བཅོ་ལྔའི་ཉིན། ཐམས་ཅད་མཁྱེན་པ་སྤྱན་སྔ་རིན་པོ་ཆེའི་བཀའ་ཤོག་ཕེབས། ཁྱི་ལོའི་དབྱར་ཆོས་ལ་བདེ་ཆེན་ཡངས་པ་ཅན་དུ་ཕེབས་དགོས་པའི་བཀའ་