R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༧༡བ-༣༣༢
[A:༧༡བ-༣༣༢] རྣམས་ཚུལ་ཞུགས་ཡང་དག་པར་གནང། དེའི་ཕྱི་དེ་ཉིན་དབྱར་ཕྱི་མ། སྙན་པ་གསན་པ་ཐམས་ཅད་ཀྱང་དད་པའི་སྤུ་ལོང་གཡོས་པར་གྱུར་ཏོ། །དེ་ནས་དབྱར་ཆོས་གྲོལ་ནས་ཟླ་བ་དགུ་པའི་ཚེས་བཅོ་ལྔ་ལ་དགག་དབྱེའི་ཆོ་ག་ལེགས་པར་གནང་སྟེ་དབྱར་གྱི་རྙེད་པ་དང་དགའ་སྟོན་ཆེན་པོ་བསྟབས། ཐ་ན་ལྗོངས་རྒྱུ་སོགས་ལའང་འདུལ་ལས་རྣམས་ཀྱི་ཕྱག་ལེན་ཇི་ལྟ་བཞིན་དང། གཞི་གསུམ་གྱི་རྣམ་བཞག་འཕགས་པ་ཉེ་བ་འཁོར་གྱི་རྣམ་པར་ཐར་པ་མངོན་སུམ་པ་ལྟ་བུར་མཛད། དེའི་རྗེས་སུ། རྗེ་ཉིད་མནལ་ལམ་དུ། ལུག་འཚོ་བའི་རྫི་བོ་གནང་བ་དང། དཔོན་ས་མིའི་དབང་མོའི་སྐུ་རྒྱབ་ཉི་མ་ལ་བསྟན་པ་སོགས་ཀྱི་ལྟས་བཟང་པོ་མང་པོ་ལ་བརྟེན། ད་རེས་རྒྱལ་བུ་ཅིག་བར་ཆད་མེད་པར་བདེ་བར་བཙའ་ངེས་ཤེས་ལན་རེ་བ་ཡིན་པར་བཀའ་གནང། བར་ཆད་བཟློག་ཅིང་ལེགས་ཚོགས་སྤེལ་བའི་ཆེད་དུ། རྟ་མགྲིན་གྱི་རྗེས་གནང། གྲུབ་རྒྱལ་མའི་ཚེ་དབང་བརྒྱ་ཚར་མང་པོ་གནང་བ། ཁྱད་པར་སྐུ་བལྟམས་པ་ལ་ཉེ་བའི་ཚེ། ཚེ་དབང་བརྒྱ་ཚར་གནང་བའི་སྒང་ལ་སྦྲུལ་ལོ་ཟླ་བ་གཉིས་པའི་ཉེར་གཉིས་ཀྱི་ཚ་ཐོག་གཟའ་སྐར་དུས་སྦྱོར་བཟང་པོ་ཡོད་པའི་ཚེ་ཕྱག་མཛོད་སེར་རྩི་མར། ངོ་མཚར་བའི་ལྟས་དང་བཅས་ཏེ་སྐུ་བལྟམས་པའི་མོད་ལ། ཞབས་དྲུང་ཞལ་ངོ་སོ་སོར་གཏམ་སྙན་འབུལ་བ་གནང་ཞིང། ཞག་བདུན་གྱི་སྐུ་བང་བསངས་