R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༧བ-༣༢༤
[A:༦༧བ-༣༢༤] དེ་བས་ལྡབ་ཀྱིས་བཟང་བ་ཅིག་བྱེད་དགོས། བཀྲ་ཤིས་གླིང་པ་རང་གཟིམས་ཆུང་གི་ཇ་ཁུག་རྣམས་ནས་གང་བཟང་བ་ཅིག་ཁྱེར་ཤོག་ཕེབས། ཨ་ཏྲ་བྷ་དྲ་ཁལ་ཕྱེད་གཉིས་བཏབ་པའི་གཞི་ལེན་གནང། དེ་ནས་ཞག་ཅུ་ཙམ་ན་བདེ་ཆེན་ཡངས་པ་ཅན་ནས་ཐམས་ཅད་མཁྱེན་པ་སྤྱན་སྔ་རིན་པོ་དཔོན་སློབ་ཕེབས། ཚོགས་པས་བསུ་བ་སེར་སྦྲངས་ཕྱག་ཁྱེར་སོགས་བསམ་གྱིས་མི་ཁྱབ་པ་མཛད། ཟླ་ཕྱེད་ཙམ་བཞུགས་པ་གནང་སྟེ། སླར་མཆོད་ཡོན་དྲུང་ལྷ་སར་ཐེགས། ཇོ་བོ་རིན་པོ་ཆེན་དྲུང་དུ་སྨོན་ལམ་སོགས་གནང་ཏེ་སྤོ་ཏ་ལར་ཐེགས། གསང་ཕུ་གླིང་སྨད་གདན་ས་བ་ཆེན་པོ་འཇམ་དབྱངས་ཀུན་དགའ་དཔལ་འབྱོར་བ་དཔོན་སློབ་མཇལ་བ་ལ་ཕེབས། ཞེན་པ་གཞི་བྲལ་གྱི་གསུང་ཆོས་སོགས་གསན་ཏེ་ཕྱིར་ཐེགས། དེ་ནས་ཚོགས་པའི་གཞི་མ་རགས་པ་རྣམས་གཞིས་ཁར་བཞག། སྔར་མནལ་ལམ་བཞིན། ཇོ་བོ་རིན་པོ་ཆེ་སོགས་རྟེན་གསུམ་རྣམས་ལ་ཞལ་གསེར་ཞུ་བ་གནང། སྨོན་ལམ་རྣམ་པར་དག་པ་གདབ་པ་སོགས་ལ་སྤྱན་དྲངས་པའི། ས་སྐྱོང་ངག་དབང་རྣམ་རྒྱལ་བ་དཔོན་བློན་གྱིས་སྣ་མོ་གདོང་གི་ཚུགས་ཁ་ནས་ཆིབས་ཧྲགས་ཉིས་བརྒྱ་ཕྱིན་གྱི་བསུ་བས་བསྐོར་ལམ་ཆེན་མོ་ལ་གཡས་བསྐོར་གྱི་གདན་དྲངས། ཀགྣི་ཁང་གསར་དུ་མཆོད་ཡོན་ལྷན་དུ་ཕེབས་