R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༦༡ན-༣༡༡
[A:༦༡ན-༣༡༡] ༄༅། །བཅུ་གཅིག་ལ་སྐྱིན་མཁར་དགོན་པ་རྫོང་དུ་ཕེབས། དབྱར་ཞལ་བཞེས་ཀྱི་སྟ་གོན་མཛད། ཚེས་བཅོ་ལྔ་ལ་བདག་མོ་བསྟན་འཛིན་རྒྱལ་མོས་བཀུར་སྟི་ཕུན་སུམ་ཚོགས་པས་མཆོད་དེ་ཚུལ་ཞུགབཞུགས་གནང། སང་ཉིན་དབྱར་ཟླ་བ་གསུམ་ཞལ་གྱིས་བཞེས། གནས་དེ་གནས་རངས་ཀྱི་རྣམ་པ་ཡིན་པར་གྲགས་པས། ཡུལ་སའི་རྒན་པོ་རྣམས་ཀྱིས་ཚོགས་པ་རྣམས་ཕེབས་པ་ལ་ཇི་ལྟར་འོང་བ། སྔར་ཚོགས་པ་ཆོས་ལུང་པ་སོགས་དགེ་འདུན་གྱི་སྡེ་མང་པོ་ཞིག་ཕེབས་པ་ན་ནི། གནས་འདིའི་མི་མ་ཡིན་གྱི་ཆོ་ཕྲུལ་གྱིས་གྲོངས་ཆད་ལ་སོང་བའི་ཕྱེད་ཙམ་མ་གཏོགས་མ་ལུས་པ་བྱུང། ཁྱེད་དཔོན་སློབ་ཀྱང་ཐུགས་བཅག་མཛད་དགོས་ཟེར་བསྡིགས་རི་བསྐུར་བ་ན། རྗེ་འདི་ཉིད་གར་བཞུགས་པའི་གནས་ཐམས་ཅད་དུལ་བར་འགྱུར་བའི་དགེ་འདུན་རྣམས་ལ་ཕྲན་བུ་ཙམ་གྱིའང་བར་ཆད་མ་བྱུང་བར་ཡུལ་མི་ཐམས་ཅད་དད་པར་གྱུར། གནས་དེ་ན་དགྲ་བཅོམ་པ་ཡོན་ཏན་བློ་གྲོས་ཀྱི་བཞུགས་ཁྲི་ཅིག་འདུག་གསོས། ཁྲི་དེ་ཐོག་ན་དབྱར་ཆོས་སྤྱོད་འཇུག་གི་འཕྲོ་མ་ལ་བཤད་པ་གནང། དེ་དུས་ཚོགས་པ་ལ་བགྲོས་གླེང་བཞེངས་ཕེར་བ་མང་པོ་དང། དབུས་གཙང་དུ་གྲགས་པ་ཐོབ་པའི་དཀའ་བཅུ་རབ་འབྱམས་ཀྱང་ཞལ་གྲངས་