R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༨ན-༣༠༥
[A:༥༨ན-༣༠༥] ༄༅། །ནད་གདོན་བར་ཆད་སོལ། །རྒྱས་པར་མཛོད་ཅིག་ཚེ་དང་བསོད་ནམས་དཔལ། །དབང་དུ་མཛོད་ཅིག་སྣང་སྲིད་མི་དང་ལྷ། །སྒྲོལ་བར་མཛོད་ཅིག་བསྟན་ལ་གནོད་བྱེད་དགྲ། །གང་ཞིག་བསྟོད་པ་འདི་ཡིས་བསྟོད་བྱེད་པ། །དེ་ལ་བསྟན་སྲུངས་ཁྱེད་ཉིད་ཉི་མ་དང་། །དེའི་འོད་ལྟར་མི་འབྲལ་འགྲོགས་ནས་ཀྱང། །བྱང་ཆུབ་བར་དུ་བསྲུང་ཞིང་སྐྱོང་བར་མཛོད། །རྒྱལ་ཆེན་ཁྱེད་ལ་བསྟོད་ཅིང་གསོལ་བའི་མཐུས། །རྒྱལ་བའི་བསྟན་ལ་གནོད་བྱེད་དགྲ་ཞི་ཞིང། །རྒྱལ་བའི་བསྟན་འཛིན་ཆོས་དང་འབྱོར་པ་རྒྱས། །རྒྱལ་བའི་བསྟན་པ་ཡུན་དུ་གནས་གྱུར་ཅིག།།ཅེས་པའི་བསྟོད་པ་ཕུལ་ཏེ། དེ་མ་ཐག་བསྐང་གསོ་བ་རྣམས་ལ་བཙུགས། བརྒྱ་ཚར་ལ་སོགས་པ་མཛད་པས། སྐུ་ཁམས་རིམ་པས་དངས་པར་གྱུར་ཏོ། །དེའི་ཚེ་རྣམ་པར་ཐར་པ་ཅིག་ལ་ཅིག་འཕེལ་དུ་སོང་བས། ཆོས་སྡེ་ཆེན་པོ་ཐུབ་བསྟན་ཡངས་པ་ཅན་དང་། གྲ་ཚང་ཆེན་མོ་སོགས་དགེ་འདུན་གྱི་སྡེ་རྣམས་དང། སྐྱེ་བོ་མཐའ་དག་གིས་ཀྱང་ཆོས་སྐྱོང་གི་ཞལ་གཟིགས་པར་ཡོངས་སུ་གྲགས། དེ་ནས་གཟུང་སྟེ་ཐུགས་དམ་གཏོར་སྤུངས་གནང་བ་གཟིམས་ཆུང་གི་ཡང་ཐོག་ཏུ་གཤེགས་པའི་ཚེ། ཆོས་སྐྱོང་དམར་པོའི་གཏོར་མ། ལ་སྟོད་ཀྱི་དགུ་འདྲེན་པའི་དུས་སུའང་འཁྱགས་མི་སྲིད། དུས་དེར་རྗེ་དྲུང་དུ་ཀུན་གྱིས་ཆོས་སྐྱོང་ཞལ་གཟིགས་པར་གླེང་བ། ཚུལ་ཇི་ལྟར་ལགས་ཞུས་པས། ཁོ་བོས་གོང་དཀར་གྱི་བཞི་སྡེར་