R840: མཁན་ཆེན་ཐམས་ཅད་མཁྱེན་པ་ཆོས་གྲུབ་སེང་གེའི་རྣམ་པར་ཐར་པ་དད་པའི་རོལ་མཚོ་ཀུན་ཁྱབ་སྙན་པའི་བ་དན།

  • Pagination (Witness A): ༥༧ན-༣༠༣
[A:༥༧ན-༣༠༣]༄༅ ། །བཞེས་པ་ཞུ། ངེེད་ཀྱིས་ཕུལ་བ་འདི་བཞེས་པ་འཐད་ཅེས་མདའ་རྒོད་སྒྲོ་མ་ཤིན་ཏུ་ལེགས་པ་ལེ་རྒན་དར་གྱིས་མགུལ་པ་བཀྲིས་པའི་ལོགས་ལ། ཨོཾ་མ་ཧཱ་རཱ་ཛ་ཡཀྵ་ས་མ་ཡ་བཻ་ཤྲ་བ་ཎ་ཡ་བརྦ་ཙིཏྟ་རཏྣ་ཧྲིམ་ཧྲིམ་ཛཿ་ཛཿ ཞེས་པའི་སྲོག་སྔགས་གསེར་གྱིས་དབུ་ཅན་དུ་བྲིས་པ་ཅིག་ཕུལ་བྱུང་བས། ཤིན་ཏུ་དགྱེས་པའི་མོད་ལ་མནལ་སད་པ་དང། དེ་མ་ཐག་ཆོས་སྐྱོང་ལ་བསྟོད་པ་ཕུལ་ཆོག་པའི་མཚན་མ་ཡིན་པར་དགོངས་ཏེ། དཀར་མེ་ལ་ཕྱག་བྲིས་གནང་བ་ནི། བཻ དཔལ་ལྡན་ས་བཅུའི་དབང་ཕྱུག་སེམས་དཔའ་ཆེ། །འཇིག་རྟེན་སྐྱོང་བའི་ཚུལ་འཛིན་རྣམ་ཐོས་བུ། །སྣང་བ་དབང་དུ་བསྡུད་མཛད་མདུང་དམར་ཅན། །གུས་པས་བསྟོད་དོ་ཚེ་དང་དཔལ་སྩོལ་མཛོད། །ཡེ་ཤེས་ལས་གྲུབ་རིན་ཆེན་ཕོ་བྲང་དབུས། །འཇིགས་བྲལ་སེང་གེ་པད་མ་ཟླ་ཉིའི་སྟེངས། །བཻ་ཡིག་ལས་འཁྲུངས་རི་དབང་ལྟར་བརྗིད་སྐུ། །རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས་ལ་བསྟོད། །ཐུགས་རྗེའི་ཆགས་པས་པད་མ་རཱ་གའི་མདོག ། སྐུའི་འོད་ཀྱིས་སྐྱེ་འགྲོ་དབང་དུ་བསྡུད། །ཞལ་གྱིས་སྒོ་ནས་རིན་ཆེན་ཆར་བ་འབེབས། །ཕྲག་གོང་ཉི་ཟླའི་འོད་ཟེར་འབར་ལ་བསྟོད། །སྟག་གི་རྒྱལ་མཚན་ལྷ་མིན་དཔུང་ཚོགས་འཇོམས། །དབང་གི་མདུང་དར་སྲིད་ཞིའི་དཔལ་ཀུན་བསྡུད། །རིན་ཆེན་ལྕགས་ཀྱུས་འགྲོ་བའི་ཡིད་བཀུག་ནས། །གཏེར་གྱི་ནེའུ་ལེེས་དངོས་གྲུབ་སྩོལ་ལ།