R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༧༧
[A:༧༧] དང་སྨད་ལུགས་ཞེས་པའི་ཐ་སྙད་རྗེ་བཙུན་གོང་མས་བཤད་པ་མེད་ཅིང་། སངས་རྒྱས་ཞི་བ་ནི་ལོ་ཆེན་དང་ཕྱི་ལོ་ནས་མཇལ་བའི་པནྜི་ཏ་ཡིན་གྱི། སྐུ་ཚེ་སྟོད་ཀྱི་བླ་མ་གཏན་ནས་མ་ཡིན་ཞེས་སོགས་གསུངས་ཏེ། འདི་ལ་ཁོ་བོས་ད་དུང་དཔྱད་པར་བྱས་ནས་འདི་ཡིན་སྨྲ་བར་སྤྲོའོ། འདུལ་བ་སྟོད་ལུགས་དང་། སྨད་ལུགས་ཀྱི་བཤད་བཀའ་ལག་ལེན་སོགས་ཀྱང་ལོ་ཆེན་འདིའི་སྐུ་ངོ་ལ་དར་བ་ཡིན་ཏེ། དེ་ཡང་སྨད་འདུལ་ནི། བསྟན་པ་སྔ་དར་གྱི་རྒྱུན་གཡོ་སྨར་གཙང་གསུམ་དང་བླ་ཆེན་དགོངས་པ་རབ་གསལ་ལ། མི་བཅུས་སྡོམ་པ་བླངས་ཏེ། སྨད་མདོ་ཁམས་ནས་དབུས་གཙང་དུ་རིམ་གྱིས་འཕེལ་བའི་འདུལ་བའི་བསྟན་པའི་རྒྱུན་འདི་ལ་གྲགས་ཤིང་། དེ་ལ་གཟུས་ཡན་ཆད་དུ་སྨད་འདུལ་ལ་བཤད་བཀའ་ཅུང་ཟད་མ་གཏོགས་པ་ཆེར་མེད་མོད། ལོ་ཆེན་འདིའི་སྐུ་ཚེའི་སྟོད་ཙམ་ལ་གཟུས་རྡོ་རྗེ་རྒྱལ་མཚན་གྱིས་འདུལ་བ་ལ་བཤད་པ་རྒྱ་ཆེར་མཛད་པའི་སློབ་མ་དབུས་གཙང་པའི་གཟུས་ཀྱི་བུ་ཆེན་བཞི། དེ་ལ་བླ་མ་རྣམ་གསུམ། དེ་ལས་རྒྱ་འདུལ། དེ་ལས་སློབ་མ་ཀ་བཞི། དེ་ལས་བྱ་འདུལ། དེ་ལས་རྩིས་འདུལ་སོགས་ལས་བརྒྱུད་དེ་བཤད་པ་རྒྱ་ཆེར་འཕེལ་བས་སོ། དེ་དག་ཀྱང་ཇི་ལྟར་སྙམ་ན། མི་བཅུའི་ནང་ཚན་ཀླུ་མེས་ཀྱི་མཁན་བུ་ཀ་བ་བཞིར་གྲགས་པའི་གྲུ་མེར་ལ་མཁན་བུ་གསུམ་སྟེ། གྲ་ཕྱིས་ཀྱི་ཀླུངས་ལེགས་པའི་ཤེས་རབ། གྲ་ཕྱིས་ཀྱི་སྐོར་ཤེས་རབ་འབྱུང་གནས། གཟུས་རྡོ་རྗེ་རྒྱལ་མཚན་དང་གསུམ་མོ། གཟུས་ལ་བུ་ཆེན་བཞི་སྟེ། སྦོས་ཚུལ་ཁྲིམས་འབྱུང་གནས། གླན་ཚུལ་ཁྲིམས་བྱང་ཆུབ་སྟེ་དབུས་པ་གཉིས། སྣེ་པོ་པ་གྲགས་པ་རྒྱལ་མཚན་དང་།