R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): i-༤
[A:i-༤]འཚོལ་སྟབས་བདེ་བ་དང་། དགོན་གནས་རྟེན་གསུམ་གསར་དུ་བྱོན་པའི་སྐོར་ཡང་ཕྱག་འདེབས་པ་པོ་སོ་སོའི་མཛད་པའི་དཀྱུས་སུ་གསལ་བས་མ་ཚད། བསྟན་རྩིས་ཀྱི་འཇུག་ཏུ་དགོན་གནས་རྟེན་གསུམ་བྱོན་ཚུལ་དམིགས་བཀར་ལོ་ཚིགས་དང་འབྲེལ་བར་བཀོད་པ་འདིས་ཀྱང་དགོན་གནས་ཀྱི་གནས་ཚུལ་རྟོག་ཞིབ་བྱ་རྒྱུར་ཕན་པ་ཆེ་བ། ལྔ་པ། བསྟན་རྩིས་འདིའི་ནང་བོད་ཀྱི་ཆོས་ལུགས་གྲུབ་མཐའི་སྲོལ་འབྱེད་རྣམས་ཀྱི་མཛད་པ་གཙོ་ཆེ་བ་འཁོད་པ་མ་ཟད། ལྷག་པར་དཔལ་ལྡན་ས་སྐྱ་པའི་རིང་ལུགས་འཛིན་པའི་མཁས་གྲུབ་རིམ་བྱོན་གྱི་མཛད་པ་དེ་བས་ཞིབ་པ་བཅས་ཆོས་ལུགས་གྲུབ་མཐའ་ཁག་གི་ཁུངས་དང་། ས་སྐྱ་པའི་གྲུབ་མཐའི་སྐོར་ཞིབ་འཇུག་བྱ་རྒྱུར་དེ་བས་དཔྱད་གཞི་ཆེ་བ་བཅས་ཡིན། དེ་ལྟ་བུའི་བསྟན་རྩིས་ངོ་མཚར་ཅན་འདི་དེ་སྔ་ཤིང་པར་ལ་བརྐོ་མྱོང་ལྟ་ཅི། བྲིས་མ་ཡང་ཧ་ཅང་དཀོན་པ་གང་མྱུར་མྱུར་སྐྱོབ་བྱེད་དགོས་ངེས་ཀྱི་གྲས་ཤིག་ཡིན་སྟབས་ད་ལམ་ང་ཚོས་དངོས་སུ་སུ་དཔེ་བསྐྲུན་ཞུས་པ་ཡིན།
བསྟན་རྩིས་འདི་ཉིད་དཔེ་སྒྲིག་གི་བརྒྱུད་རིམ་སྐོར།
དང་པོ། བསྟན་རྩིས་འདི་ཉིད་ཀྱི་མ་དཔེ་ལག་བྲིས་མར་བརྟེན་གནའ་དུས་བཤུ་འབྲི་བྱེད་སྐབས་ཡིག་ནོར་ཧ་ཅང་མང་བ་རང་སོར་བཞག་སྟེ་མཚམས་དེར་དག་བཅོས་ཚིག་འབྲུ་གུག་རྟགས་ནང་འགོད་རྒྱུ་ཡང་དཔེ་དེབ་ལྟ་ཀློག་མི་བདེ་ཁར། རྣམ་པ་མི་མཛེས་པ་མ་ཟད་ཡིག་ནོར་དེ་རྣམས་མ་དཔེ་བཤུ་འབྲི་བྱེད་མཁན་གྱི་གནད་དོན་ལས་རྩོམ་པ་པོས་དེ་ལྟར་བྲིས་པར་ངོས་འཛིན་མི་རུང་བས་མ་དག་རྒྱུན་འབྱམས་མི་འགྲོ་བའི་སླད་དུ་བརྡ་དག་གི་གཞུང་དང་མཐུན་པར་ཡིག་ནོར་རྣམས་དག་བཅོས་ཞུས་པ་ཡིན།