R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༢༢༣
[A:༢༢༣]དེ། བསྙེན་པར་རྫོགས་ཟེར། ཉེར་གཅིག་པ་ལ་གུང་ཐང་གི་དཔལ་རི་འདབས་ཀྱི་དགོན་པར་སེམས་དཔའ་ཆེན་པོ་རྒྱལ་མཚན་དཀོན་མཆོག་ལོ་ང་བདུན་པ་ཞིག་གི་དྲུང་དུ། གསུང་ངག་ལམ་སྐོར་དང་བཅས་པ་དང་། གསང་འདུས་མི་བསྐྱོད་ལུགས་ཀྱི་དབང་བཀའ་འགོས་ལུགས་དང་། བཤད་བཀའ་བོ་དོང་ལུགས་དང་། ནག་ཁྲིད་དམར་ཁྲིད་སོགས་ནོད། བཞི་བཅུ་པ་ལ་གུང་ཐང་གི་ཆོས་གྲྭར་ཤཱཀྱ་བྷ་དྲ་ལོ་གྱ་བརྒྱད་པ་ཞིག་ལ། དཔལ་ལྡན་ས་སྐྱ་པའི་དབང་བཤད་མན་ངག་མང་དུ་ནོད། ཞེ་ལྔ་པ་ལ་མུས་སྲད་ཀྱི་བསྟན་འཛིན་གླིང་དུ་རིན་ཆེན་ཆོས་སྡེ་ལེགས་པ་ལོ་དོན་གཉིས་ལོན་པ་ཞིག་ལ། གུར་སི་སྦྱོང་རྒྱུད་སོགས་ཀྱི་དབང་བཤད་མན་ངག་མང་དུ་གསན། བོ་དོང་ཕྱོགས་ལས་རྣམ་རྒྱལ་དང་། བདེ་ཆེན་རྣམ་རྒྱལ་གྲགས་བཟང་ལ་དུས་འཁོར་དབང་སོགས་གསན། ཞེ་དགུ་པ་ལ་དཔལ་ལྡན་ས་སྐྱར་གདན་ཕེབས། ཐོག་མར་ས་སྐྱ་སྨན་གྲོང་དུ། ཞི་ཁྲོ་སོགས་རྙིང་མའི་ཆོས་འཁོར་མང་དུ་བསྐོར། དེ་ནས་ཉི་ཐོག་དང་ཞེ་དགོན་སོགས་སུ་བཞུགས། དེ་ནས་གྲང་མོ་ཆེ་པའི་བརྒྱ་དཔོན་ཆོས་རྗེ་ཀུན་བསམ་པས། བླ་མ་མཉམ་མེད་པ་དང་། ཆོས་རྗེ་གཟུངས་པ་ནས་བརྒྱུད་པའི་ཆོས་རྒྱུད་དྲི་མ་མེད་པ་བཞུགས་པར་དགོངས་ནས་བླ་བྲང་ཆེ་མོར་སྤྱན་དྲངས་གདན་ཕབ་སྟེ། དགུང་ལོ་ལྔ་བཅུ་པ་ནས་ཞི་བར་གཤེགས་ཀྱི་བར་གནས་དེ་ཉིད་དུ་ཟབ་དོན་ཉམས་བཞེས་དང་འཆད་རྩོད་རྩོམ་གསུམ་གྱིས་བསྟན་པ་རིན་པོ་ཆེ་གསལ་བར་མཛད། དེ་ཡང་རྩོམ་ནི་རྒྱུད་མན་ངག་ལག་ལེན། སྤྱི་འགྲོ་གསལ་བྱེད་དེ་གསལ་བྱེད་རྣམ་བཞི། བླ་མ་འཕགས་པ། བླ་མ་དམ་པ། ཕྱག་ལེན། བཀའ་སྒྲུབ་སྟེ་སྒྲུབ་པ་རྣམ་བཞི། བིར་སྲུངས་འཁྲུལ་སེལ་སོགས་འཁྲུལ་སེལ་རྣམ་