R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༦༣
[A:༡༦༣]མཛད་དེ། ང་བདུན་པ་སྦྲུལ་ལོ་དབྱུག་ཟླ་བའི་ཉེར་དགུའི་སྲོད་ལ་གཤེགས་སོ། ཐུགས་ཀྱི་སྲས་ནི་དབོན་ཀུན་དགའ་རྡོ་རྗེ་དང་། མཁན་པོ་ཤེར་གྲགས་སོ། ནམ་རིང་པ་ནི་ཉན་ཆེན་པ་ལས་ལོ་གསུམ་གྱིས་གཞོན། སུམ་སྟོང་སུམ་བརྒྱ་དང་རེ་གཉིས་འདས་པའི་རེ་གསུམ་པ་ལྕགས་ཕོ་སྟག་
སྤྱི་ལོ་༡༢༣༠
ལ་གྲུབ་ཐོབ་ཨུ་རྒྱན་རིན་ཆེན་དཔལ་བ་ལྷོ་ནས་ལྷུམས་སུ་(ལུང་དུ) བྱོན། བཅུ་དྲུག་པ་ལ་རྒོད་ཚང་པ་ལས་དགེ་བསྙེན་མཛད། བོ་དོང་རིན་རྩེ། བཅོམ་ལྡན་རལ་གྲི། གོ་ལུང་པ་མདོ་སྡེ་དཔལ་སོགས་ལ་མདོ་ཕྱོགས་གསན། གོ་ལུང་པའི་གཅུང་པོ་ཡིན། བོ་དོང་རིན་ཆེན་རྩེ་ལས་བསྙེན་རྫོགས་རྒོད་ཚང་པ་ལ་གདམས་པ་གསན་པས་སྒྲོ་འདོགས་ཆོད། ཤྲཱི་རྡོ་རྗེ་རྣལ་འབྱོར་མས་པུ་ཏི་གཅིག་གནང་བ་མིད་པས་བཀའ་མདོ་རྒྱུད་ལ་ཐོགས་པ་མེད། ཡུལ་ཉི་ཤུ་རྩ་བཞིའི་ཨུ་རྒྱན་སོགས་དགུ་རུ་བྱོན། དགུང་ལོ་གོ་གཉིས་པ་ལྕགས་མོ་བྱ་ལོ་ཟླ་བ་བརྒྱད་པའི་ཚེས་ཉི་ཤུ་ལ་གཤེགས་སོ།
སློབ་མའི་མཆོག། ཀརྨ་རང་བྱུང་རྡོ་རྗེ། གྲུབ་ཐོབ་ཚ་བྱུང་བ། རྟོགས་ལྡན་གཡག་མགོ་བ། རྟོགས་ལྡན་ཟླ་སེང་དང་བཞིའོ། རྟོགས་ལྡན་ཚ་བྱུང་བས་སྦུ་ཏྲ་ནས་ལྷ་སར་ཉིན་རེ་ལ་ཕེབས། རྒྱ་ཁབ་བརྒྱ་དུས་རེ་ལ་གསོལ་ནས་བ་སྤུའི་བུ་གར་དུས་གཅིག་ལ་འདོན། རྟོགས་ལྡན་ཟླ་སེང་སྐུ་འདའ་ཁར་བུ་སྟོན་རིན་པོ་ཆེས་གསོལ་བ་བཏབ་སྟེ་ལོ་གསུམ་བཞུགས་ཟེར་རོ། དེས་ན་ད་ལྟའི་ཤིང་བྱི་འདི། ཡང་དགོན་པའི་ཆུ་བྱ་ནས་སུམ་བརྒྱ་དང་གཉིས་པ། ནམ་རིང་བའི་ཤིང་བྱ་ནས་སུམ་བརྒྱ་དང་བཞི་བཅུ་པ། ཨུ་རྒྱན་པས་ལྕགས་སྟག་ནས་སུམ་བརྒྱ་དང་སོ་ལྔ་པ་ལགས་སོ།