R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༠༩
[A:༡༠༩] ཁོ་བོས་འདིར་དུས་གསལ་ཚད་མར་བགྱིས་པ་སྟེ། འདི་ལ་ལུང་རིགས་ཀྱི་གནོད་བྱེད་ཆེར་མ་མཐོང་བ་ཡིན་ནོ། འོན་ཀྱང་འབྲོམ་གྱིས་དབུས་ཀྱི་བཤེས་གཉེན་རྣམས་ལ་ཇོ་བོ་སྤྱན་འདྲོངས་ཞེས་པའི་སྤྲིང་ཡིག་ལས། མི་ཡི་རྒྱལ་པོ་ཤཱཀྱའི་སྲས༎ ལྷ་བཙུན་བོ་དྷི་རཱ་ཛ་དང་༎ དང་པོ་དགེ་འདུན་ལུགས་འབྱིན་དཔོན༎ བཙུན་ཆེན་ཡེ་ཤེས་བློ་གྲོས་དང་༎ ཐེག་ཆེན་གདུང་རྒྱུད་སྟོན་མཛད་པའི༎ ཐེག་ཆེན་ཀ་བ་རྣམ་གསུམ་མོ༎ དམིགས་བྱེད་དགེ་བཤེས་རྣམ་གཉིས་དང་༎ རྗེས་སློབ་དཔལ་ལྡན་བཅུ་གཉིས་དང་༎ ཆོས་འཁོར་ཁྲིམས་བཞིན་སྐྱོང་མཛད་པའི༎ རིང་ལུགས་ཆེན་པོ་རྣམ་གཉིས་དང་༎ ཆོས་གྲྭའི་སློབ་དཔོན་ཐུགས་རྒྱལ་ཅན༎ ཀ་བ་གར་མིང་མཆེད་གསུམ་དང་༎ ཆོས་གྲྭའི་སློབ་དཔོན་ཐུགས་རྒྱལ་ཅན༎ ཀ་བ་གར་མིང་མཆེད་གསུམ་དང་༎ དགེ་བཤེས་ཆེ་རྣམས་དགོངས་སྐོང་པའི༎ ཀུན་ཕན་དབང་ཕྱུག་རྒྱལ་མཚན་དང་༎ གནས་བརྟན་སྐྱའི་རེ་གནས་པ༎ ཤཀ་གཞོན་རྒྱལ་བའི་སྲས་གཉིས་དང་༎ མཁས་བཙུན་ཆེན་པོར་སྙན་གྲགས་པའི༎ ལེགས་པའི་ཤེས་རབ་ལ་སོགས་པའི༎ འཕགས་པའི་དགེ་སློང་དགེ་འདུན་ཆེ༎ ཞེ་སོགས་ཀྱི་ཐོག་མར་བཀོད་པའི། བཙུན་ཆེན་ཡེ་ཤེས་བློ་གྲོས་དེ། དབུས་གཙང་མི་བཅུའི་ཟླས་ཕྱེ་བའི་སུམ་པ་ཡེ་ཤེས་བློ་གྲོས་དེ་ཡིན་ནོ། སུམ་པ་ཡེ་ཤེས་བློ་གྲོས་དེས། ཕྱི་དར་ས་མོ་བྱ་ལ་ཤར་བའི་ཚེ། མ་མཐའ་ལོ་ཉི་ཤུ་ལོན་དགོས་ལ། དེ་ནས་ལོ་བརྒྱ་དང་དྲུག་ལོན་པའི་ཚེ། ཇོ་བོ་བོད་དུ་ཕེབས་ཞེས་རང་གི་ཁས་བླངས་པས། སུམ་པ་དེས་ལོ་བརྒྱ་དང་ཉི་ཤུ་ལྷག་གཅིག་བཞུགས་པར་ཁས་བླངས་དགོས་པ་སོགས་རིགས་པའི་གནོད་བྱེད་ཅུང་ཞིག་མི་འབྱུང་ངམ་ཞེས་དཔྱད་དགོས་པ་ལགས་སོ།
འདི་ལ་པན་ཤཀ་པས། སྲོང་བཙན་མེ་གླང་ལ་འཁྲུངས་ནས་ཉིས་བརྒྱ་རེ་བརྒྱད་པ་མེ་འབྲུག་ལ་ཁྲི་