R84: བསྟན་རྩིས་གསལ་བའི་ཉིན་བྱེད། ཐ་སྙད་རིག་གནས་ལྔའི་བྱུང་ཚུལ་བློ་གསལ་མགྲིན་རྒྱན།

  • Pagination (Witness A): ༡༡༠
[A:༡༡༠]རལ་པ་གཤེགས། དེ་ལོ་དར་མས་རྒྱལ་ས་བཟུང་ནས་མེ་ལུག་གི་བར་ལོ་བཞི་སོང་ནས་ལྕགས་སྤྲེལ་ལ་བསྟན་པ་བསྣུབས། དེ་ནས་དོན་བརྒྱད་པ་མེ་གླང་ལ་མི་བཅུས་ཁམས་ནས་སྡོམ་པ་བླངས། དེ་ནས་རེ་ལྔ་པ་ཆུ་ཕོ་རྟ་ལ་ཇོ་བོ་རྗེ་བོད་དུ་བྱོན། དེའི་ཚེ་རིན་བཟང་གི་གྱ་ལྔ་ལོན་ཞེས་སོགས་བཤད། དེ་ལྟར་ན་མི་བཅུའི་ནང་ཚན་ལོ་དགུ་བཅུ་ཟིན་ཙམ་ལོན་པ་དང་། ཇོ་བོ་ཐོག་མཚུངས་པ་འགྲིག་ཙམ་ཡོང་ཡང་། ཕྱི་དར་དེ་ནས་ཇོ་བོའི་བར་ལ་ལོ་རེ་ལྔ་ལས་མ་སོང་བ་མ་དག་སྟེ། དེའི་ཚེ་ལོ་ཆེན་གྱི་གྱ་ལྔ་ལོན་པར་ཁས་བླངས། ལོ་ཆེན་འཁྲུངས་པའི་གོང་དུ། ཕྱི་དར་བྱོན་ནས་ལོ་མང་དག་སོང་བའི་ཕྱིར་ཏེ། གླང་དར་གྱི་སྲས་འོད་སྲུངས་ཀྱི་ལོ་རེ་གསུམ་གྱི་བར་དང་། དེའི་སྲས་དཔལ་འཁོར་བཙན་སོ་ལྔ་བཞུགས་པའི་བར་གྱི་ལོ་དོན་བདུན་བསྟན་པ་མེད། དོན་བརྒྱད་པ་ལ་ཕྱི་དར་བྱུང་བར་ཁས་བླངས་པ་ནས། དཔལ་འཁོར་བཙན་གྱི་སྲས་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་དང་། སྐྱིད་ལྡེ་ཉི་མ་མགོན་གཉིས། དེ་གཉིས་ཀྱི་སྲས་སྟོད་སྨད་ཀྱི་མགོན་གསུམ། ལྡེ་གསུམ། མགོན་གསུམ་གྱི་ནང་ཚན་བཀྲ་ཤིས་མགོན་གྱི་སྲས། བླ་མ་ཡེ་ཤེས་འོད་ཁོང་གི་རིང་ལ་ཁ་ཆེར་བརྫངས། ཁོང་འདས་རྗེས། དབོན་པོ་བྱང་ཆུབ་འོད་ཀྱི་ངོ་ལ་ཇོ་བོ་བྱོན་པ་ཡིན་པས། དཔལ་འཁོར་བཙན་གྱི་སྐུ་ཚེའི་སྨད་ནས་བྱང་ཆུབ་འོད་ཀྱི་བར་ལ་ཐོན་བཞིན་པ་ཡིན་པའི་ཕྱིར་རོ
དེས་ན་ཇོ་བོ་བྱོན་པའི་ཤིང་རྟ་འདི་བསྟན་པ་བསྣུབས་པའི་ལྕགས་བྱ་ནས་ཉིས་བརྒྱ་དང་བཅུ་གསུམ་པ་ཡིན་ལ། ལོ་འདི་ནས་དེང་སང་ནི་ལྔ་བརྒྱ་དང་བཅུ་གཅིག་ལོན་པ་ཡིན་ནོ།
འདིའི་སྔ་ལོ་བླ་མ་སེས་ཉེར་དགུ་ལོན་པ་ཆུ་མོ་སྦྲུལ་
སྤྱི་ལོ་༡༠༥༣
ལ་ཞང་སྟོན་ཆོས་འབར་བལྟམས། བཀ་གདམས་སྐུ་མཆེད་གསུམ་ལས་གཞོན་ཞིང་།