[A:༢༩]དྲུང་གིས། བསྟན་པ་ལ་བསམས་ནས་བཤད་ཉན་གྱིས་གསུང་པའི་ཞལ་ད་དེ་དང་དུ་བླངས། བཤད་ཉན་གང་ནུས་པ་བྱས་པས་ས་སྐྱ་པའི་བསྟན་པ་ལ་ཕན་པར་བྱུང༌། ངེད་རང་འདོད་པ་བཞིན་གྱིས་སྒྲུབ་པ་ཞིག་བྱེད་རྒྱུ་བྱུང་ན་ལུས་མ་སྤངས་པར་མཁའ་སྤྱོད་དུ་འགྲོ་བའི་དབང་ཡོད་པ་ཡིན་ཏེ། འོན་ཀྱང་འཁོར་བ་ཐོག་མ་མེད་པ་ནས་ལུས་ཇི་སྙེད་ཅིག་བླངས་པ་ལ་ད་ལན་གྱི་ལུས་འདི་ལས་དོན་ཆེ་བ་མ་བྱུང་གསུང༌། དེ་ནས་ཚེས་ལྔ། དྲུག་བདུན་ལ་སོགས་པ་རྣམས་ལ་སྐུ་ལུས་སྔར་དང་མི་འདྲ་བའི་བྱིས་པ་ལོ་བཅུ་དྲུག་ལོན་པའི་རྣམ་པ་ཅན་གྱི་གཞོན་ཤ་ཆགས་པ། སྙན་ཤངས་མཆུའི་སྒྲོས་རྣམས་དཀར་ལ་དམར་བའི་མདངས་ཆགས་ཤིང་འོད་འཕྲོ་བ། སྤྱན་ཡང་སྔར་འགྲེས་པའི་རྣམ་པ་སྔོ་ཤེལ་ལེ་བ་ཡོད་པ་ལ་དེ་དུས་དཀར་ནག་ཕྱེད་ཅིང་ཡི་གེ་ཤིན་ཏུ་ཕྲ་མོའང་གཟིགས་པ་བྱུང༌། སྐུ་ལུས་ཀྱི་རྣམ་པ་དེ་ལྟ་བུར་གྱུར་ཅིང་ཞལ་ད་ཆེར་མི་གནང་བར་གཙོ་ཆེར་ཏིང་ངེ་འཛིན་ལ་ཞུགས། སྐབས་སུ་རེས་ནམ་མཁའ་ལ་སྤྱན་ཅེར་གཟིགས་ནས་བཞད་པ་མཛད། རེས་འཁྲུལ་འཁོར་གྱི་རྣམ་པ་དུ་མ་མཛད། རེས་འགའ་སྐུ་གཟུགས་ཀྱིས་གར་གྱི་རྣམ་པ་དང༌། སཾ་ཀྲྀ་ཏའི་སྐད་གསུང་བ་སོགས་གཟིགས་སྣང་དང་ཉམས་ཀྱི་ངང་འབའ་ཞིག་ལ་འདའ་བར་མཛད། དེ་ནས་ཚེས་བརྒྱད་ཀྱི་སྔ་དྲོ་འཇའ་འོད་དང༌། མེ་ཏོག་གི་ཆར་དང༌། སྔར་ཚོར་མ་མྱོང་བའི་དྲི་བསུང་ཁྱད་པར་ཅན་དང་བཅས་པ་ངོ་མཚར་བའི་ལྟས་དཔག་ཏུ་མེད་པ་བསྟན། གདུགས་ཕྱེད་ཙམ་ན་ཉི་མ་ལ་ཅུང་ཟད་བཞུགས། དགོང་མོ་གཟིམས་ཁང་དུ་ཕེབ་སྟེ། དཀོན་མཆོག་དྲུང་དུ་མཆོད་པ་རྒྱ་ཆེན་པོ་ཤོམས་གསུངས་ནས་རྣལ་འབྱོར་དམ་ཚིག་གསོ་བའི་ཆོ་ག་མཛད།