R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • Pagination (Witness A): ༣༠
[A:༣༠] གསང་སྔགས་ཀྱི་རྟེན་འབྲེལ་ཟབ་མོ་ལ་རྩེ་གཅིག་ཏུ་བཞུགས་པའི་ངང་ནས་དཔའ་བོ་དང༌། མཁའ་འགྲོའི་ཚོགས་ཀྱིས་བསུས་ཏེ་བདེ་བ་ཅན་དུ་གཤེགས་པའི་ཚུལ་བསྟན་པར་གྱུར་ཏོ། །དེར་སྐུ་མདངས་སྔར་ལས་མ་གཡོས་པའི་སྟོབས་ཀྱིས་དྲུང་ན་གནས་པ་དག་གི་བསམ་པ་ལ་ད་དུང་ཏིང་ངེ་འཛིན་ལས་བཞེངས་ནས་ཞལ་ད་གནང་བ་ཞིག་འོང་ངམ་སྙམ་པ་ལས་སྐུ་གཤེགས་པའི་སྣང་བ་མེད་པ་ཞིག་བྱུང༌། དེ་ལྟར་ཚེས་བརྒྱད་ནས་ཉེར་ལྔའི་བར་གཟི་མདངས་དང་ལྡན་པར་བཞུགས་ཏེ། ཉེར་ལྔའི་ཉིན་ཞལ་མདངས་སྔོན་གྱི་ཙམ་དུ་གྱུར་ཏེ། གནམ་གང་གི་བར་བཞག་ཀྱང་དེ་ལས་གཞན་པའི་རྟགས་མ་བྱུང་ནས། དེའི་ཉིན་དྲི་བཟང་དང༌། དར་ཟབ་ལ་སོགས་པ་མཆོད་པའི་ཡོ་བྱད་ཁྱད་པར་ཅན་རྣམས་ཀྱིས་སྐུ་གདུང་ལ་གུས་པས་རིམ་གྲོ་དང༌། བཀུར་སྟི་ཆེར་བྱས་ཏེ་གདུང་སྒྲོམ་དུ་སྤྱན་འདྲེན་ཞུས་ནས་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པ་དང༌། བཅོམ་ལྡན་འདས་ཀྱེ་རྡོ་རྗེ་ལ་སོགས་པ་དཀྱིལ་འཁོར་ཟབ་མོའི་སྒྲུབ་མཆོད་རྒྱུན་མ་ཆད་པར་ཟླ་བ་བཞིའི་བར་དུ་ཕུལ་ཏེ་གསོལ་བ་བཏབ། དེ་ནས་སྐུ་གདུང་ལ་ཞུགས་ཕུལ་བའི་ཚེ་ནམ་མཁའ་ལ་འཇའ་འོད་ཀྱི་དྲྭ་བ་དང༌། མེ་ཏོག་གི་ཆར་བསམ་གྱིས་མི་ཁྱབ་པ་བབས་ཤིང༌། ཁྱད་པར་དུ་སྐུ་གདུང་ཞུགས་ལ་ཕུལ་བའི་མེ་ཚོགས་ཐམས་ཅད་ཀྱང་ཡི་གེ་བདུན་པའི་སྒྲར་གྲག་ཅིང་གཡོན་སྐོར་དུ་འབར་བ་དང༌། གདུང་ཁང་གི་ཐད་དུ་ནམ་མཁའ་ལ་འཇའ་དཀར་པོ་གདུང་བརྐྱངས་པ་ལྟར་བྱུང་སྟེ། སྐུ་གདུང་ལ་མེ་ཚོགས་འབར་བ་དེ་སྲིད་ཀྱི་བར་དུ་གནས་ནས་མེ་ཚོགས་འབར་བ་ཐིམ་པ་དང་ལྷན་ཅིག་ཏུ་ཐག་སྒྲ་དང་བཅས་པས་འཇའ་འོད་ཀྱང་བསྡོགས་ཏེ་ནམ་མཁའི་དབྱིངས་སུ་ཐིམ་པར་ཀུན་གྱིས་མཐུན་པར་མཐོང་བ་དང༌། གདུང་དུད་