[A:༢༨] །ཁ་སེང་དབྱར་ཁ་ནས་ཆོས་འཆད་པའི་དུས་སོགས་རྣམ་པ་ཀུན་ཏུ་ལུང་པ་ཐམས་ཅད་སྨུག་པའི་རང་བཞིན་འཆར་བ་ཞིག་རྒྱུན་དུ་འོང་བ་དེ་ས་ཆུ་ལ་ཐིམ་པའི་རྟགས་ཡིན་གསུང༌། རྟགས་ཕྱི་མ་གཉིས་ཀྱི་གསལ་ཁ་འདི་ཡིན་གསུང་བར་མི་འདུག །དེ་ནས་སྨིན་དྲུག་ཟླ་བ་ཕྱི་མའི་ཚེས་གཉིས་ཀྱི་ཉིན་སྐུ་གཟུགས་ཀྱིས་མ་ལྕོགས། སྐུ་འདབ་ཉི་མ་རྒས་པའི་གོང་ཙམ་ནས་བཞག་པས། དེའི་སང་མདང་ནུབ་མོ་སངས་རྒྱས་འཁོར་དང་བཅས་པ་ནམ་མཁར་བཞུགས་འདུག་པ་ཅུང་ཟད་མ་དགེས་པའི་རྣམ་པ་ཅན་དུ་བཞུགས་པ་ཞིག་བྱུང༌། དེ་ཤམ་ཐབས་བཞག་སྔས་པས་ལན་པར་འདུག་གསུངས། ཚེས་བཞིའི་ཉིན་ཞུ་བ་ནན་གྱིས་ཕུལ་བས། མཁན་ཆེན་དཀོན་བློ་བ་སྐུ་མདུན་དུ་བཞུགས་ཆོག་པ་བྱུང༌། དེའི་ཉིན་སྐུ་ཁམས་ཤིན་ཏུ་བདེ་ནས་གསོལ་ཇའང་མང་དུ་བཞེས། ཐུགས་དགེས་སྤྲོའི་རྣམ་པ་མཛད་དེ། ང་ལ་བླ་མ་དུ་མ་ཡོད་པའི་ནང་ནས་ཆོས་རྗེ་རིན་པོ་ཆེ་ཀུན་དགའ་བཟང་པོ་པ་འདི་སྐུ་དྲིན་ཤིན་ཏུ་ཆེ་བ་ཞིག་བྱུང༌། དེའི་རྒྱུ་མཚན་སྤྱིར་བོད་དུ་རྡོ་རྗེ་ཐེག་པའི་བཀའ་སྲོལ་ས་སྐྱ་པའི་བླ་མ་གོང་མ་ནས་བརྒྱུད་པ་དང༌། མར་པ་ནས་བརྒྱུད་པའི་རྔོག་གཞུང་པའི་བཀའ་སྲོལ་དང༌། བུ་སྟོན་རིན་པོ་ཆེ་ནས་བརྒྱུད་པ་དང༌། ཤངས་པ་ནས་བརྒྱུད་པའི་ནི་གུའི་བཀའ་སྲོལ་སོགས་མང་དུ་བྱུང་ཀྱང༌། དུས་ཕྱིས་དེ་དག་གང་ཡང་མི་མཐུན་པའི་རྡོ་རྗེ་ཐེག་པའི་བཀའ་སྲོལ་གསར་བཙུགས་བྱུང་བ་སྐྱེ་བོ་ཕལ་ཆེར་ཀྱང་དེ་ལྟ་བུ་ལ་དད་པ་མང༌། དེ་ལ་ཆོས་རྗེ་རིན་པོ་ཆེའི་ཞལ་སྔ་ནས་གྲུབ་མཐའ་སྔ་ཕྱི་ཐམས་ཅད་ཀྱི་གནད་གཟིགས། བླ་མ་གོང་མའི་བཀའ་སྲོལ་བཟུང་ནས་ཉམས་ལེན་རྣམ་དག་ཡིན་མིན་སོ་སོར་ཕྱེ་བ་འདིའི་རྗེས་སུ་ཞུགས་པས་ཆོག་པར་བྱུང༌། ངེད་རང་གིས་ཀྱང་མ་འོངས་པའི་གདུལ་བྱ་ལ་ཕན་ནམ་སྙམ་ནས་རིམ་པ་གཉིས་ཀྱི་གྲུབ་མཐའི་ཤན་འབྱེད་འདི་བརྩམས་པ་ཡིན། བླ་མ་གོང་མའི་གསུང་རབ་འདིའི་སྟེང་དུ་གོ་བ་གཞན་དང་མི་འདྲ་བ་ཞིག་ཤར་ནས་ཡོད། དེའང་ཆོས་རྗེ་རིན་པོ་ཆེའི་