[A:༢༣]ཚོགས་པས་འཁྲིད་པར་མཛད་མོད། འོན་ཀྱང་གཙོ་བོའི་དབང་དུ་བྱས་ན་གདུལ་བྱ་རྣམས་གཞི་ཚུལ་ཁྲིམས་རྣམ་པར་དག་པ་ལ་བཀོད་ནས་ལམ་ཉམས་ལེན་ལ་སྦྱོར་བར་མཛད་པ་ཡིན་ལ། དེ་ལ་སོ་ཐར་གྱི་དབང་དུ་བྱས་ན་བསྙེན་པར་རྫོགས་པའི་དགེ་སློང་སྟོང་ཕྲག་དུ་མའི་མཁན་པོ་མཛད་ཅིང༌། གཞན་དགེ་བསྙེན་དང་དགེ་ཚུལ་གྲངས་མཐའ་ཡས་པར་མཛད། བྱང་ཆུབ་སེམས་དཔའི་སྡོམ་པའང་གདུལ་བྱ་སོ་སོའི་ཞེ་འདོད་ཀྱི་དབུ་སེམས་ཀྱི་ཆོ་ག་གང་ཡང་རུང་བ་དང༌། ཁྱད་པར་གསུང་ངག་རིན་པོ་ཆེ་གནང་བའི་དུས་དབང་གི་སྔོན་འགྲོའི་སེམས་བསྐྱེད་ཀྱི་སྒོ་ནས་བྱང་ཆུབ་སེམས་དཔའི་སྡོམ་པ་གནང་བའང་བསམ་ལས་འདས་སོ། །རིག་འཛིན་སྔགས་ཀྱི་སྡོམ་པའང་རང་རང་གི་སྐལ་བ་དང་འཚམས་པར་རྒྱུད་སྡེ་བཞིའི་དབང་གིས་སྨིན་པར་མཛད་པ་ལས། དཀྱིལ་འཁོར་གང་དུ་རྒྱུད་སྡེ་དང་བརྒྱུད་པ་གང་གི་ལུགས་ཀྱི་དབང་བསྐུར་མཛད་ཀྱང་སོ་སོའི་ཆོ་ག་དང་ལུགས་རྣམས་མ་འདྲེས་པར་རང་རང་གི་ལུགས་ལྟར་ཇི་སྐད་བཤད་པ་བཞིན་མཛད་པས་སྔགས་སྡོམ་ཐོབ་པའང་གཞན་དང་མི་འདྲ་བས་ཤིན་ཏུ་དོན་ཆེའོ། །དེ་ལྟར་སྡོམ་པ་གསུམ་གྱི་སྒོ་ནས་གདུལ་བྱ་རྣམས་ཚུལ་ཁྲིམས་རྣམ་པར་དག་པ་ལ་བཀོད་ནས། ཉམས་ལེན་ལ་སྦྱོར་བའི་ཚེ་དཔལ་ལྡན་ས་སྐྱ་པའི་རྗེ་བཙུན་མཆོག་རྣམས་ཀྱི་གསུང་རབ་གཙོ་བོར་གྱུར་པའི་ཆོས་ཀྱི་འཁོར་ལོ་སྣ་ཚོགས་པ་རྒྱུན་དུ་བསྐོར་བར་མཛད་པ་ལས། གཙོ་བོར་ཨེ་ཝཾ་ཆོས་ལྡན་དང༌། ངམ་རིང་གི་ཆོས་གྲྭ་ཆེན་པོ། རྗེ་ཉིད་ཀྱི་བསྟན་པའི་རྒྱུན་དང༌། སེམས་ཅན་གྱི་དོན་ལ་དགོངས་ཏེ་ཞལ་བཀོད་མཛད་ནས་བཙུགས་པའི་དགོན་པ་བདེ་བ་ཅན་དང༌། ཡ་མ་བདེ་ལྡན་ལ་