R81: རྗེ་བཙུན་བླ་མ་དམ་པ་དཀོན་མཆོག་རྒྱལ་མཚན་དཔལ་བཟང་པོའི་རྣམ་པར་ཐར་པ་ངོ་མཚར་ཕྲེང་བ།

  • Pagination (Witness A): ༢༤
[A:༢༤]སོགས་པ་རྣམས་སུ་བཞུགས་ཏེ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་ཁྲིད་ཡོངས་སུ་རྫོགས་པ་ཚར་སོ་གཉིས་ཀྱི་བར་དུ་གནང་ཞིང༌། དེ་དག་གི་བར་སྐབས་སུ་གཞན་ཡང་ཟབ་ལམ་རིམ་པ་བཞི་དང༌། རིམ་ལྔ་ལ་སོགས་པའི་ཁྲིད་རིམ་སྣ་ཚོགས་དང༌། རྒྱུད་གསུམ། བདེ་མཆོག་རྩ་བཤད་ཀྱི་རྒྱུད། གསང་བ་འདུས་པ་ལ་སོགས་རྒྱུད་སྡེའི་བཤད་པ་མཐའ་ཡས་པ་དང༌། དེ་དག་དང་རྗེས་སུ་འབྲེལ་བར་བསྐྱེད་རྫོགས་ཀྱི་མན་ངག་བཤད་པ་དང༌། གཞན་ཡང་ཟུར་བཀའི་རིགས་སྣ་ཚོགས་པ་དང༌། སྒྲུབ་ཐབས་བརྒྱ་རྩ་དང་རྒྱ་མཚོ་ལ་སོགས་པའི་རྗེས་སུ་གནང་བ་རབ་ཏུ་མང་པོ་དང༌། རྒྱུད་འབུམ་དང༌། ས་སྐྱ་བཀའ་འབུམ་ལ་སོགས་པའི་ལུང་གི་རྣམ་གྲངས་མཐའ་ཡས་པ་དང༌། གཞན་ཡང་རྒྱུད་སྡེ་བཞི་དང་འབྲེལ་བའི་རྗེས་གནང༌། བྱིན་རླབས། རིག་གཏད། ཀློག་པ་སྦྱིན་པ། བཀའ་བསྒོ། མན་ངག་ཕྲ་མོ་ལ་སོགས་ཏེ་གདུལ་བྱ་རང་རང་གི་བསམ་པ་དང༌། བག་ལ་ཉལ་དང་རྗེས་སུ་མཐུན་པར་བསྟན་ཏེ། སོ་སོའི་སྐལ་བ་བཞིན་མཁས་དང་གྲུབ་པའི་ས་ལ་བཀོད་ནས་སེམས་ཅན་དཔག་ཏུ་མེད་པའི་དོན་མཛད་ཅིང་རྒྱལ་བའི་བསྟན་པ་རིན་པོ་ཆེ་ཆེས་ཆེར་གསལ་བར་མཛད་པ་ཡིན་ནོ། །མདོར་ན་དེ་ལྟ་བུའི་གཞུང་དང་མན་ངག་གི་བཤད་པ་གང་མཛད་ཀྱང་ཇི་ལྟར་དཀའ་ཞིང་མ་འདྲེས་པ་རྣམས་ལའང་སྔར་བལྟས་ལ་སོགས་པ་ཆེར་མཛད་མི་དགོས་པར་ངག་འདོན་ལེན་པས་སློབ་མ་རྣམས་ཀྱིས་རྟོགས་པར་སླ་བ་དང༌། བསྟན་བཅོས་རྩོམ་པ་ན་སྡེབ་སྦྱོར་མི་མཛད་པ་ཕན་པ་གཙོ་བོར་མཛད་མོད་ཀྱང༌། བརྗོད་བདེ་ཞིང་རྟོགས་སླ་ལ་རྣར་སྙན་པས་མཁས་པ་རྣམས་ཀྱི་ཡིད་འཕྲོག་