R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༧༢
[A:༤༧༢] རྗེ་ས་ཆེན་གྱི་ཡིག་ཐང་ཅིག་དང༌། རྒྱའི་རྡོ་རྗེ་དྲིལ་བུ་ཅིག་དང༌། བླ་གོས་ཅིག་གནང་སྟེ། སྐུ་ལུས་ལ་ཤེད་མེད་པ་མ་གཏོགས་བསྙུང་ཟུག་ལ་སོགས་པ་ཅི་ཡང་མེད། སྐུ་ཤེད་མེད་པའི་སྟོབས་ཀྱིས་རྔམ་བ་རྒོད་བག་ཅན་ཅིག་འདུག །གཞན་རླུང་ལྟས་དང་མནལ་ལྟས་ལོག་པ་ཅི་ཡང་མེད་གསུངས། དེ་ལྟ་ན་ཡང༌། བདེ་བར་གཤེགས་ན་འདི་ལྟར་གྱིས་ཞལ་ཏ་ཐོགས་པ་ཅིག་གནང་གིན་འདུག །ཞིབ་ཏུ་སང་ནས་ཁྱོམས་པོ་འོང་ཞེས་གསུང༌། བདག་གིས་ཞལ་ཏའི་ལན་གྱི་ཞུ་བ་ལ་མདོར་བསྡུས་ཤིག་ཕུལ། ཞིབ་ཏུ་སང་ནས་འབུལ་ཞེས་ཞུས་ནའང༌། ཞིང་འདིའི་བསྟན་པ་དང་གདུལ་བྱ་རྣམས་ཀྱི་བསོད་ནམས་རྫོགས་པ་དང༌། ཞིང་ཁམས་གཞན་དུ་གདུལ་བྱ་ཤིན་ཏུ་རྒྱ་ཆེ་བ་ལ་དགོངས་ཏེ། ས་ག་ཟླ་བའི་ཉེར་ལྔའི་ཉི་མ་དྲོས་ཙམ་ན། རྒྱུད་སྡེ་ནས་གསུངས་པའི་འདའ་ཀ་མའི་ཐུགས་དམ་ཟབ་མོ་ལ་མཉམ་པར་བཞག་སྟེ། བདེ་བར་གཤེགས་པའི་ཚུལ་བསྟན་ནོ། །དེར་རྗེས་གོང་གི་ཞལ་ཏ་གཞིར་བཞག་སྟེ། ཟོང་ཆ་ལེན་པ་དང༌། མཆོད་སྤོང་ལེན་པ་ལ་སོགས་པ་མ་བྱེད་གསུང་པ་ཡིན་ཞེས་དྲིལ་བསྒྲགས། ཕྱག་རྫས་གང་ཡོད་རྣམས་ཀྱི་སྟེང་ནས་གསོལ་འདེབས་ལ་སོགས་པའི་ཐུགས་དགོངས་རྫོགས་པའི་ཐབས་དང༌། གདན་ས་ཆེན་པོ་དང༌། གསང་ཕུ་དང་ན་ལེནྡྲ་ལ་སོགས་པར་ཡང་མང་ཇ་འགྱེད་དང་བཅས་པ་རྣམས་ཐུགས་ཀྱི་དགོངས་པ་བཞིན་ལེགས་པར་བསྒྲུབས་ཤིང༌། ནང་རྟེན་སྟོན་པའི་གསེར་སྐུ་ཆེན་མོ་དང༌། སྐུ་འདྲ་གསེར་སྐུ་སྐུ་ཚད་མ་དང༌། ཕྱི་རྟེན་བདེ་གཤེགས་མཆོད་རྟེན་བརྒྱད་རྣམས་བཞེངས་པའི་དབུ་བཙུགས་ཏེ། ལོ་གཅིག་ན་བར་ཆད་མེད་པར་ལེགས་པར་མཐར་ཕྱིན་པ་དང༌། སྐུ་གདུང་མེ་མོ་གླང་གི་ནག་པའི་ཉེར་བཞིའི་བར་དུ་མཆོད་པའི་དངོས་པོ་བསམ་གྱིས་མི་ཁྱབ་པ་དང༌། བཅོམ་ལྡན་འདས་ཀྱེ་རྡོ་རྗེའི་སྒྲུབ་མཆོད་རྒྱུན་མ་ཆད་པར་ཕུལ་ནས།