R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༧༡
[A:༤༧༡] རྗེ་བཙུན་རིན་པོ་ཆེའི་ཟན་འབུམ་བཞུགས་པའི་འབུམ་པ་དེ་ཚོའི་གསེབ་ན་ཚུར་རྗེ་བཙུན་རིན་པོ་ཆེ། ན་བཟའ་ཇུས་དཀར་པོའི་ཕོད་ཁ་ཅིག་བསྣམས། ཤིང་རྟ་ཆུང་ཆུང་ཅིག་ལ་ཆིབས་ནས་བྱོན་བྱུང་བ། ཆོས་རྗེའི་ཞལ་སྔ་ནས་ཀྱང་ཁག་བཞེངས་ཏེ། ཕྱག་འཚལ་བ་དང༌། བྱིན་རླབས་ཞུས་པའི་གསལ་བ་ནི་མ་བྱུང༌། རྗེ་བཙུན་གྱི་ཞལ་ནས། ད་མི་འགྲོ་འམ་གསུངས། དེ་ནས་རྗེ་བཙུན་སྟག་བྱང་ཆུབ་སེམས་དཔའ་མཁའ་སྤྱོད་དུ་གཤེགས་པའི་ཕྱོགས་དེ་ན་ཡར་གཤེགས་སོང་བ་རྨི། ད་འགྲོ་ནའང་སེམས་ཀྱི་འཁྲི་བ་ས་སྐྱའི་དན་སྟོང་དེ་ལ་ཆོས་ཁྲིམས་གཙང་མ་ཅིག་བྱུང་ན་སྙམ་རྩོལ་བ་ཆེར་བྱས་པ་ཡིན་ཏེ། དེའི་སྤྲོས་པ་ནི་ཆོད་འདུག་གཞན་སེམས་ཀྱི་ལྷག་མ་ཅུང་ཟད་ཀྱང་མེད་ཅེས་གསུངས། དེ་ལྟ་བུ་ལ་སོགས་པ་དག་པའི་སྣང་བ་འབའ་ཞིག་སྣང་ཚོད་དུ་འདུག་གོ །དེ་ལྟ་བུའི་སྐབས་སུ། སྐུ་མདུན་ན་བཞུགས་པ་རྣམས་ལ། སྔོན་གྱི་ལོ་རྒྱུས་དང་འཕྲོས་གཏམ་གྱི་ཚུལ་གྱིས་བདེ་བར་གཤེགས་ནས་ཐུགས་དགོངས་རྫོགས་པར་བྱེད་པའི་ཐབས་དང༌། ནང་རྟེན་དང༌། ཕྱི་རྟེན་བདེ་གཤེགས་མཆོད་རྟེན་བརྒྱད་བཞེངས་པ་དང་བཞེངས་ལུགས་ལ་སོགས་པ་དང༌། གདུང་རུས་གདུང་ཐལ་དང་བཅས་པ་ཅུང་ཟད་ཀྱང་མ་འཁྱར་བ་ཚ་ཚར་ཐེབས་པ་གྱིས། གཞན་ལ་རྐྱེན་སྡུག་བྱུང་ཙ་ན། ཟོང་བཏང་བ་ལ་སོགས་པ་ཡོང་གིན་འདུག་སྟེ། རང་རེས་དེ་འདྲའི་ཕྱོགས་སུ་རས་ཁ་གང་ཡང་གཏོང་མ་མྱོང་བ་དང༌། ཡོན་བདག་གྲྭ་པ་དང་བཅས་པའི་དཀར་པོ་ཡང་སྔར་གྱི་ཚོས་ཆོག་པ་ཡོད་པས། ད་མཆོད་སྤོང་དང་ཟོང་ཆ་ལེན་པ་ལ་སོགས་པ་ཡང་མ་བྱེད་རབ་ཏུ་བྱུང་བ་འདས་པའི་རྗེས་སུ་མྱ་ངན་གྱི་ཆ་ལུགས་བྱེད་པ་ལ་སོགས་པ་ཆོས་དང་ཤིན་ཏུ་མི་མཐུན་པས། དེ་ལྟ་བུའི་རིགས་གཅིག་ཀྱང་མ་བྱེད་གསུངས་པ་ལ་སོགས་པའི་ཞལ་ཏ་རབ་ཏུ་ཞིབ་པ་མཐའ་ཆོད་པར་གནང་འདུག །ས་གའི་ཉི་ཤུ་གསུམ་གྱི་ཉིན་པར་བདག་གིས་སླེབས་པ་ན།