R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༧༠
[A:༤༧༠]དུ། རྗེ་བཙུན་གྱི་སྐུ་ཅིག་ཁ་བུབ་ཏུ་བཞུགས་འདུག་པ། རྗེ་རང་ཡང་དེ་ཉིད་ཡིན་སྙམ་པ་ཞིག་ལ། མི་མང་པོ་ཞིག་ན་རེ། ད་འདི་བསླང་རན་འདུག་སློངས་ཞེས་ཟེར་ནས་སློང་གིན་འདུག་པས་ལངས་པ་ན། འཇམ་རྡོར་གྱི་གསེར་སྐུ་ལྟ་བུ། གསེར་ཁ་ཤིན་ཏུ་ལེགས་པ་འོད་ཟེར་དང་བཅས་ཤིང་ཞལ་གསུམ་པ་ཅིག་ཏུ་གྱུར་པའི་རྒྱབ་ཀྱི་པདྨོ་ནས་མཐེ་བོང་ཙམ་ཅིག་མ་ཚང་བ་དེ་འདྲ་ཞིག་བྱུང་བ་རྨིས། ལངས་པ་དེ་ཅུང་དགའ་བ་སྲིད་དེ། འོན་ཀྱང་གཟུགས་འགྱུར་བྱུང་བས་ཇི་འདྲ་འོང་ངམ་ཞེས་གསུངས། ཡང་ནུབ་གཅིག་སྲོད་ལ། ཆེན་པོ་ཀུན་བསོད་པ་དང༌། བླ་མ་དཔལ་ལྡན་པ་གཉིས་སྐུ་མདུན་ན་ཡོད་པའི་ཚེ། སཾ་སྐྲྀཏའི་སྐད་འགའ་ཞིག་གསུང་ཞིང༌། དབུ་ཅོག་ཅོག་མཛད་པ་ན། ཆེན་པོ་ཀུན་བསོད་པས་གར་དང་དཔའ་བོ་མཛད་ཀྱིན་གདའ། ཇི་འདྲ་ཅིག་བྱུང་ལགས་ཞུས་པས། ཅི་ཟེར་ཀྱིན་འདུག་པ་གསུངས། ཞལ་ནས་བཛྲ་ཌཱ་ཀི་ནི་ཞེས་གསུང་ཞིང༌། དབུ་ཡོན་ཡོན་མཛད་ཀྱིན་གདའ་ཞེས་ཞུས་པས། རྨི་ལམ་ཡིན་པ་འདུག །བླ་མ་ས་ཆེན་བདེ་བར་གཤེགས་པའི་ས། སྐྱ་བོ་ཁ་གདངས་ཀྱི་བྱང་གི་རི་ངོས་དེ་ན་ཕར། རྗེ་བཙུན་ཆེན་པོ་འབྱོན་ཀྱིན་འདུག །དེའི་རྗེས་ལ་བུད་མེད་སྔོན་དམར་འགའ་ཞིག་ཡང་འགྲོ་ཡིན་འདུག་པ། དེ་ནས་ཕར་ཕྱིན་པ་རྨི་ཞེས་གསུངས། ཡང་ཐོ་རངས་ཤིག་དཔོན་ཆེན་ཀུན་དགའ་དབང་ཕྱུག་གིས་ལམ་འབྲས་ལྷ་ཁང་ནས་ནམ་ཅུང་མ་གསལ་བ་ཙམ་ལ་སྐུ་མདུན་དུ་སླེབས་པའི་ཚེ། སྐུ་གཟུགས་ཕྲུག་ཕྲུག་མཛད་ཅིང་སྤྱན་འབྲུ་ཚུགས་སུ་མཛད་ཀྱིན་འདུག་པ། ཅུང་ཟད་ཅིག་ནས། དེ་ཀུན་དགའ་དབང་ཕྱུག་ཡིན་ནམ་གསུངས། ཡིན་ལགས་ཞུས་པས། གར་བྱེད་མཁན་དེ་པ་རིག་མ་བཅུ་དྲུག་ཡིན་པ་འདུག་གམ་གསུངས། ཡིན་མཆི་ལགས་ཞེས་ཞུས་ཟེར་རོ། །ཡང་སྔ་དྲོ་ཅིག་གི་ཚེ། མདང་རྨི་ལམ་ན་ས་སྐྱའི་ཆུ་མིག་རྫིང་ཁ་ན་དཔེ་ཆ་མང་པོ་བསྒྲིག་གིན་འདུག་པས་པུ་སྟི་མང་པོ་ཞིགས་སྒྲིགས་ནས་ཚགས་བྱས། གདོང་དར་དང་བཅས་ཏེ་བརྩིགས་པ་ཡང་འདུག དཔེ་ཆ་མང་རབ་ཅིག་མ་འགྲིགས་པར་བསྒྲིག་གིན་འདུག་པ་ན།