R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༦༥
[A:༤༦༥] ཞིང་ཁམས་མའི་སྐུ་ལ་སོགས་པ་རས་བྲིས་ཀྱི་སོགས་ཤིན་ཏུ་ཡ་མཚན་ཆེ་བ་གྲངས་མེད་པ་བཞེངས་པ་དང༌། དགེ་འདུན་གྱི་འདུ་ཁང་དང་གཙུག་ལག་ཁང་ཁྱད་པར་དུ་འཕགས་པ་བཞེངས་པའི་གཙང་ཁང་གི་ནང་དུ། ཡུམ་ནས་བཤད་པའི་ཕྱོགས་བཅུའི་སངས་རྒྱས་ཀྱི་ལྡེར་སྐུ་ལ་སོགས་ཁྱད་པར་དུ་འཕགས་པ་དང༌། ལོགས་རིས་ལ་གསེར་འོད་ནས་གསུངས་པའི་ཕྱོགས་བཅུའི་སངས་རྒྱས་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང༌། འདུ་ཁང་གི་ལོགས་རིས་ཞིང་ཁམས་ཉི་ཤུ་རྩ་བརྒྱད་ལ་དབུས་སུ་སྟོན་པ་བདུད་འདུལ་མ་དང༌། ཆོས་མཆད་མ་གཉིས། དེ་དག་གི་གཡས་གཡོན་ན་སྨན་བླའི་མདོ་བརྒྱད་བརྒྱ་པ་ནས་བཤད་པའི་དེ་བཞིན་གཤེགས་པ་དྲུག །ནུབ་ཕྱོགས་ཀྱི་ཞིང་ཁམས་དང་པོ་ལ་སྨན་པའི་རྒྱལ་པོ། ཤར་ཕྱོགས་ཀྱི་དང་པོ་ལ་བཅོམ་ལྡན་འདས་མི་འཁྲུགས་པ། ཞིང་ཁམས་ལྷག་མ་བཅུ་ལ་ཕྱོགས་བཅུ་མུན་སེལ་ནས་བཤད་པའི་ཕྱོགས་བཅུའི་སངས་རྒྱས། དེ་དག་གི་བར་རྣམས་སུ་བསྐལ་བཟང་ནས་བཤད་པའི་སངས་རྒྱས་སྟོང་ལ་སོགས་པ་སངས་རྒྱས་ཀྱི་སྐུ་རབ་ཏུ་མང་པོ་དང༌། ཤར་ནུབ་ཀྱི་ཞིང་ཁམས་བཅུ་གཉིས་ཀྱི་དཔུང་ཟུར་གཡས་གཡོན་དུ་རྡོ་རྗེ་གདན་གྱི་གཏད་རབས་ཉི་ཤུ་རྩ་བཞི། ཕྱོགས་བཅུའི་སངས་རྒྱས་ཀྱི་ལྡེམ་ལ་མདོ་དགོངས་པ་ངེས་འགྲེལ་ནས་བཤད་པའི་ཉན་ཐོས་ཉི་ཤུ། ཕྱིའི་སྒོའི་ནང་གི་གཡས་གཡོན་གྱི་ཞིང་ཁམས་བརྒྱད་ལ། བྱང་ཆུབ་སེམས་དཔའ་ཉེ་བའི་སྲས་བརྒྱད། ལྡེམ་ལ་སྤང་སྐོང་ཕྱག་བརྒྱ་པ་ནས་བཤད་པའི་བྱང་སེམས་བཅུ་དྲུག །དེ་རྣམས་ཀྱི་བར་དང་འོག་རྣམས་སུ་འཇམ་དཔལ་རྩ་རྒྱུད་ནས་བཤད་པའི་རང་རྒྱལ་བཅུ་དྲུག །འདུལ་བ་ལུང་ནས་བཤད་པའི་ཉན་ཐོས་བརྒྱ། གཞན་ཡང་གནོད་སྦྱིན་གྱི་སྡེ་དཔོན་ལ་སོགས་བསམ་གྱིས་མི་ཁྱབ་པ་བཞེངས་སོ། །དེ་དག་གི་སྐབས་སུ་ལྷ་བཟོ་བ་ལ་སོགས་པའི་བཟོ་རིགས་པ་རྣམས་ལ་ཡོན་རྫོངས་དང༌། སྟོན་མོ་དང༌། བསྐོན་དང༌། བསྐྱོན་ལ་སོགས་པས་བསམ་པ་ལེགས་པར་ཚིམ་པར་མཛད་པ་དང༌། གཞན་ཡང་རྟེན་རྣམས་ཀྱི་ན་བཟའ་དང༌། དེ་དག་གི་སྤྱན་སྔར་མཆོད་པའི་ཡོ་བྱད་མར་མེའི་ཕྲེང་བ་དང༌། ཆེན་པོ་ལ་འོས་པའི་གདུགས་དང༌། རྒྱལ་མཚན་དང༌། བ་དན་དང༌། དར་དང༌། མུ་ཏིག་དང་བཅས་པའི་འཕན་གྱི་ཚོགས་དང༌། དུང་དང་སིལ་སྙན་ལ་སོགས་པ་རོལ་མོའི་བྱེ་བྲག་སྣ་ཚོགས་པ་དང༌། ཁྱད་པར་དུ་འཕགས་པའི་བླ་བྲེའི་ཚོགས་དང༌། རིན་པོ་ཆེ་དངུལ་གྱི་མཎྜལ་ལ་སོགས་པ་མཎྜལ་གྱི་ཚོགས་གྲངས་མེད་པ་ལ་སོགས་པ་སྟེ། མདོར་ན་མཆོད་པའི་བྱེ་བྲག་བཟང་ཞིང་ངོ་མཚར་བ་དཔག་ཏུ་མེད་པ་དང༌། བླ་མ་གོང་མ་རྣམས་ཀྱི་དུས་མཆོད་དང༌། གཞན་ཡང་སྐྱིད་གྲོང་ཇོ་བོའི་དྲུང་དུ་མར་མེའི་ཕྲེང་བ་ཁོར་ཡུག་མང་པོ་ཟླ་གཅིག་གི་བར་དུ་ཕུལ་ཞིང༌། ཁ་ཕྱར་ཇོ་བོའི་དྲུང་དུ་ཡང་མར་མེའི་ཕྲེང་བ་རབ་ཏུ་མང་པོ་ཞག་ཉི་ཤུ་རྩ་ལྔའི་བར་དུ་ཕུལ་ལ། ཁྱད་པར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་རྣམས་སུ་གསེར་ག་ལྔས་གཙོ་བྱས། གསེར་ཞོ་སུམ་བརྒྱ་ཙམ་གྱི་རིན་གྱི་མར་མེ་རྟ་ལོ་ཆོ་འཕྲུལ་ཆེན་པོའི་ཚེས་བརྒྱད་ནས་བརྩམས་ཏེ། ཉེར་ལྔའི་བར་དུ་རྒྱུན་མ་ཆད་པར་ཕུལ་ནས་སངས་རྒྱས་ཀྱི་བསྟན་པ་ཕྱོགས་ཐམས་ཅད་དུ་ཡུན་རིང་རྒྱས་པའི་སྨོན་ལམ་རྒྱ་ཆེན་པོ་མཛད་དོ། །དེ་ལྟ་བུའི་མཛད་པ་མཐའ་ཡས་ཤིང་རྨད་དུ་བྱུང་བ་རྒྱུན་མི་ཆད་པ། བདེ་བླག་ཏུ་འགྲུབ་པའི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་སྒྲུབས་པའི་ཕྲིན་ལས་ཆོས་སྐྱོང་རྣམས་ཀྱིས་འབད་མེད་ལྷུན་གྲུབ་དུ་མཛད་པ་ཡིན་ཏེ། སྔགས་བྱད་ཁ་ལ་བརྟེན་པའི་སྐུ་ཆག །གུར་མགོན་གྱི་སྲུང་འཁོར་གྱིས་བཟློག་པ་དང༌། ཨེ་ཝཾ་ཆོས་ལྡན་གྱི་རི་ཁྲོད་དུ་ཕེབས་པའི་ཚེ། རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་བཞེངས་པར་དགོངས་པ་ན་བལ་པོའི་ལྷ་བཟོ་བའང་སྤུན་ལ་སོགས་པ་མཁས་པ་དྲུག་འོང་བའི་གཏམ་མེད་པར་ཡང་གློ་བུར་དུ་སྐུ་མདུན་དུ་སླེབས་ནས། ཇི་ལྟར་དགོངས་པའི་དཀྱིལ་འཁོར་རྣམས་དང༌། གཞན་ཡང་ཐུགས་དམ་གྱི་རིགས་མཐའ་ཡས་པ་འབད་མེད་དུ་གྲུབ་པའི་ཚེ་ལྷ་བཟོ་བ་ཨ་ཁེ་ར་ཛ་ཞེས་བྱ་བ་ཅིག་ཡོད་པ་ན་རེ། ངེད་འདི་རྣམས་