R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༦༤
[A:༤༦༤]བའི་འོད་ཟེར་དང༌། གཟི་བརྗིད་མཐའ་ཡས་པ་དང་བཅས་པ་ཅིག་གཟིགས་པ་རྨིས་སོ་ཞེས་གསུངས་པ་ལ་སོགས་པས་ཤེས་སོ། །གཞན་ཡང་གུ་ག་མངའ་བདག་ལྷ་བཙུན་པ་དང༌། མངའ་རིས་རྫོང་ཁའི་མངའ་བདག་ལ་སོགས་པ་རྒྱལ་པོ་རྣམས་དང༌། ཡར་ལུང་གོང་མ་ཆེན་པོ་ཡབ་སྲས་ལ་སོགས་པ་སྡེ་དཔོན་ཆེན་པོ་དང༌། མི་དཔོན་ཆེན་པོ་རབ་ཏུ་མང་པོ་རྣམས་ལ་ཡང་སྐལ་བ་དང་འཚམ་པའི་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོས་ཚིམ་པར་མཛད་པ་ཡིན་ནོ། །དེ་དག་གི་སྐབས་སུ་ལོངས་སྤྱོད་ཀྱི་དངོས་པོ་ཇི་སྙེད་ཕྱག་ཏུ་བྱུང་བ་ཀུན་ཀྱང་བླ་མ་གོང་མ་རྣམས་ཀྱི་ཐུགས་དགོངས་རྫོགས་པ་དང༌། སངས་རྒྱས་ཀྱི་བསྟན་པ་གནས་པའི་ཐབས་འབའ་ཞིག་གི་ཕྱོགས་སུ་གཏོང་བར་མཛད་དེ། དེ་ཡང་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པའི་ཐུགས་དགོངས་རྫོགས་པའི་ཐབས་སུ་སྟོན་པའི་གསེར་སྐུ་ཆེན་མོ་ངོ་མཚར་བ་གནྡོ་ལ་དང་བཅས་པ་དང༌། གྲུབ་ཆེན་བུདྡྷ་པའི་ཐུགས་དགོངས་རྫོགས་པའི་ཐབས་སུ་གསུང་ངག་གི་བླ་མ་བརྒྱུད་པ་ཡོངས་སུ་རྫོགས་པའི་བྲིས་སྐུ་ཆེན་མོ་བཅུ་གཅིག་དང༌། གཞན་ཡང་རྡོ་རྗེ་འཆང་གི་གསེར་སྐུ་ཁྱད་པར་དུ་འཕགས་པ་དང༌། བདག་མེད་མ་ནས་གྲུབ་ཆེན་བུདྡྷ་པའི་བར་དུ་ལྷ་སྐུ་ཁྱད་པར་དུ་འཕགས་པ་ཆེ་བ་རྣམས་དང༌། རྡོ་རྗེ་འཆང་ནས་གྲུབ་ཆེན་བུདྡྷ་པའི་བར་དུ་བརྒྱུད་པ་ཡོངས་སུ་རྫོགས་པའི་ལྡེར་སྐུ་ཆུང་བ་རྣམས་དང༌། བླ་མ་རྣམས་བཞུགས་པའི་གཙང་ཁང་གི་ལོགས་བྲིས་ལ་ཀྱཻ་རྡོ་རྗེ་དང༌། འཁོར་ལོ་བདེ་མཆོག་དང༌། གསང་བ་འདུས་པ་རྣམས་ཀྱི་བླ་མ་བརྒྱུད་པ་དང༌། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞེངས། ཆོས་རྗེ་འཕགས་པ་གཞོན་ནུ་བློ་གྲོས་པའི་ཐུགས་དགོངས་རྫོགས་པའི་ཐབས་སུ་བལ་པོའི་ལྷ་བཟོ་བ་མཁས་པ་རྣམས་ཀྱིས་བྲིས་སྐུ་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཀྲྀ་ཡ་ས་མུཙྪ་ནས་བཤད་པའི་དགེ་ལེགས་སུ་བྱེད་པའི་དཀྱིལ་འཁོར་གསུམ་དང༌། གཞན་ཡང་ཟུར་བཀའི་དཀྱིལ་འཁོར་གྱི་རིགས་མཐའ་ཡས་པ་རྣམས་དང༌།