R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༤༦
[A:༤༤༦] བཀའ་གདམས་ལམ་རིམ་གྱི་ཁྲིད་རྒྱས་པ། བློ་སྦྱོང་དོན་བདུན་མ། དབུ་མ་རྩ་ཤེ །འགྲེལ་པ་ཚིགས་གསལ་གྱི་སྟེང་ནས་བཤད་པ། རིག་པ་དྲུག་ཅུ་པ་དང༌། རྒྱུད་གཉིས་ཀྱི་ཊཱི་ཀ་ཆོས་རྗེ་ཉིད་ཀྱིས་མཛད་པའི་སྟེང་ནས་བཤད་པ། སོ་སོར་ཐར་པའི་མདོ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ་ལ་སོགས་པ་གསུང་རབ་སྤྱིའི་གོ་བ་ལ་ཐུགས་སྐྱེད་ཆེན་པོ་དང༌། འདུལ་བའི་ཕྱག་ལེན་ཡང་ལེགས་པར་མཁྱེན་པས་ཐུགས་ལེགས་པར་དགེས་པ་དང༌། བླ་མ་ལ་དད་གུས་ཆེན་པོ་སྐྱེས་སོ། །དེའི་ནུབ་གཅིག་མནལ་ལམ་ན། གཟུགས་འདི་ལྟར་ཡིན་གྱི་ངེས་པ་མེད་པའི་སྒྲ་ཞིག་ལ། བླ་མ་ཀུན་དགའ་བཟང་པོ་ལམ་འབྲས་ཞུ་ན་འདི་ན་ཡར་བྱོན་ཟེར་བ་ཞིག་བྱུང་བས། དེར་བྱོན་པས་རི་བོར་ཞིག་ན། དང་ར་སྒོ་བྱང་བསྟན་རྩིག་པ་ཁྲོལ་ལེ་བ་བྱས་པ། ནང་ན་ཡར་རྡོ་ཁྲོབ་སེ་བྱས་པ་ཅིག་གི་ནང་ན། ཁང་པ་སྒོ་ཤར་བསྟན་ཅིག་འདུག་པའི་སྐས་ཤིག་ལ་འཛེགས་བྱོན་པས། སྐས་མགོ་ན་དགེ་བཤེས་ཤ་རྩི་སྨུག་སེ་བ་ཅིག་གིས་སྤོས་སྣ་བྱས་གདན་དྲངས་བྱོན་པས། མཚམས་ཤིག་གི་ཁ་ལྷོར་བསྟན་ཞིག་ན། བླ་མ་སྐུ་བགྲེས་སེ་བ་བེར་ཐུལ་འདྲ་བ་བསྣམས་པ་ཅིག་དང་མཇལ་བ་རྨིས་སོ། །དེ་ནས་ཡང་ས་སྐྱར་ཕེབས་ནས་གསུང་ངག་གསན་པར་བཞེད་པ་ལ། ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པ་ལ་མངའ་བའི་གསུང་ངག་གི་སྐོར་ཡོངས་སུ་རྫོགས་པར་གསན་པ། ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་ནི་བདེ་བར་གཤེགས། མི་ཉག་གི་སྟོན་པ་རིན་ཆེན་རྡོ་རྗེ་ཞེས་བྱ་བ་ཞིག་ཡོད་པ་ནི་མདོ་ཁམས་སུ་གཤེགས་པས་ད་སུ་དྲག་སྙམ་དུ་དགོངས་པ་ན། སྔར་ཆོས་རྗེ་དཔལ་ལྡན་པའི་གསུང་ཅིག་ལ། ལམ་འབྲས་བུ་དང་བཅས་པའི་མན་ངག་གི་རྩད་གཅོད་པ་ལ། སློབ་དཔོན་ཆེན་པོ་ཡེ་ཤེས་རྒྱལ་མཚན་པས་ཀྱང༌། སློབ་དཔོན་བུདྡྷ་ཤྲཱི་ངོས་ཀྱང་མཁས་པ་ཅིག་འདུག་གསུངས་པ་སྙན་ན་བཞུགས་པ་དང༌། བླ་མ་དམ་པ་དཔལ་ལྡན་པ་བདེ་བར་གཤེགས་པ་ལ་ཉེ་བ་དེའི་ཚེ་ལམ་འབྲས་མ་རྫོགས་པའི་དགེ་བཤེས་ཅིག་ལ། ལམ་འབྲས་ཀྱི་འཕྲོ་རྣམས་སློབ་དཔོན་ཆེན་པོ་ཡེ་