R80: སྙིགས་དུས་ཀྱི་རྡོ་རྗེ་འཆང་ཆེན་པོ་ཆོས་ཀྱི་རྗེ་ཀུན་དགའ་བཟང་པོའི་རྣམ་པར་ཐར་པ་མདོར་བསྡུས་པ།

  • Pagination (Witness A): ༤༤༤
[A:༤༤༤]གྱི་བར་དུ་རེས་སྒོ་རུམ་དུ་བྱོན་ནས་གཟིགས། རེས་གཞན་དུ་དཔེ་ཆ་གདན་དྲངས་ནས་གཟིགས་ཏེ། གཟིགས་རྟོག་མཐར་ཕྱིན་པར་མཛད་པས་སྤྱི་དང་བྱེ་བྲག་གི་གསུང་རབ་ཀྱི་དོན་ལ་ཐུགས་སྐྱེད་མཐའ་ཡས་པ་བྱུང་ཞེས་གསུངས་སོ། །གཞན་ཡང་ཆོས་རྗེ་དཔལ་ལྡན་ཚུལ་ཁྲིམས་པའི་དྲུང་དུ། ཀྱཻ་རྡོ་རྗེ་མན་ངག་ལུགས་ཀྱི་དབང་གསན་ཏེ། དཔལ་ལྡན་ས་སྐྱ་པའི་བསྟན་པ་ལ་འཇུག་པའི་སྒོ་དང་པོ་འདི་ཡིན་གསུངས། ཀྱེ་རྡོར་ལུས་དཀྱིལ་གྱི་དབང༌། ཀྱེ་རྡོར་ནས་གླིང་མའི་དབང༌། སློབ་དཔོན་བྷ་ཝ་བྷ་དྲས་མཛད་པའི་ཀྱེ་རྡོར་འགྲེལ་པ། སྒྲུབ་ཐབས་མཚོ་སྐྱེས། མི་ཐུབ་ཟླ་བས་མཛད་པའི་ཀྱེ་རྡོར་གྱི་རྒྱ་གཞུང་ཚང་མ། རིན་ཆེན་འབར་བ། སྐབས་ཀྱི་འགྲེལ་ཆུང་བརྒྱད། བདེ་མཆོག་དྲིལ་བུ་པའི་དབང༌། བདེ་མཆོག་རྩ་རྒྱུད་དང༌། རྣལ་འབྱོར་མ་ཀུན་སྤྱོད། ཕག་མོ་ཞལ་གཉིས་མའི་བྱིན་རླབས། ལས་བཅུའི་སྒྲུབ་ཐབས། སྔགས་ཀྱི་དེ་ཁོ་ན་ཉིད་དང་བཅས་པའི་གཞུང༌། དེ་གསུམ་གྱི་དོན་འགྲེལ་རྗེ་བཙུན་ཆེན་པོས་མཛད་པ། ན་རོ་མཁའ་སྤྱོད་ཀྱི་བྱིན་རླབས། ན་རོ་པས་མཛད་པའི་སྒྲུབ་ཐབས། བླ་མ་གོང་མས་མཛད་པའི་སྐོར་ཚང་མ། རྩ་དབུ་མའི་ཁྲིད། འཕགས་པ་རིན་པོ་ཆེས་མཛད་པའི་ན་རོ་མཁའ་སྤྱོད་ཀྱི་སྐོར། མཻ་ཏྲི་མཁའ་སྤྱོད་ཀྱི་བྱིན་རླབས། ཉན་ཆེན་པས་མཛད་པའི་སྒྲུབ་ཐབས། བྱིན་རླབས་ཀྱི་ཆོ་ག་རྒྱལ་བ་སྡེས་མཛད་པ། དཀར་མོ་ཉི་ཟླའི་རྗེས་གནང༌། བདུད་རྒྱལ་ཐོད་ཕྲེང་ཅན་གྱི་རྗེས་གནང༌། སྦྱོང་དཀྱིལ་བཅུ་གཉིས་ཀྱི་དབང༌། གཙུག་ཏོར་གདུགས་དཀར་གྱི་དབང༌། དགའ་ལྡན་པ་བཀྲ་ཤིས་དཔལ་གྱིས་མཛད་པའི་དཀྱིལ་ཆོག །ཆོས་རྗེ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་པས་མཛད་པའི་བླ་མའི་རྣལ་འབྱོར་ཞལ་ཤེས་དང་བཅས་པ། ཡིག་བརྒྱའི་བཟླས་ལུང༌། དེའི་མན་ངག་རྗེ་ས་ཆེན་གྱིས་མཛད་པ། ཨུཥྞཱི་ཥའི་བཟླས་ལུང་རྣམས་གསན། སྐབས་ཤིག་ན་ཆོས་རྗེ་ཡེ་ཤེས་རྒྱལ་མཚན་པ་གེགས་སེལ་འདྲ་དང་བཅས་པའི་ལམ་འབྲས་ཀྱི་ཆ་ལག་འགའ་ཞིག་ཞུ་བའི་ཚེ། སྐུ་མདུན་ན་དགེ་བཤེས་འགའ་རེ་བཞུགས་འདུག་པ་རྣམས་ལ། ངེད་འདིར་ལམ་འབྲས་ཀྱི་