R79: གྲུབ་ཆེན་བུདྡྷ་ཤྲཱི་བའི་རྣམ་པར་ཐར་པ།

  • Pagination (Witness A): ༤༢༥
[A:༤༢༥]ཆགས་མེད་པ་སྙིང་རྗེ་གསུངས་ནས་མདུན་དུ་བཞག །ལུས་གནད་བྱེད་དུ་བཅུག་ནས་ཁྱོད་རང་ངའི་སྣ་རྩེ་འདི་ལ་མིག་མ་ཡེངས་པར་ལྟོས་ཤིག་གསུངས། ཉིད་ལུས་གནད་མཛད་དེ། སྤྱན་འབྲུ་ཚུགས་སུ་མཛད་ནས་ཁོའི་སྙིང་གའི་ཐད་དུ་གཟིགས་ནས། ཚ་བ་ཚར་ནས་གྲོ་མ་རན་ཙམ་གྱི་བར་དུ་བཞུགས་པས་ཁོ་ལ་ལུས་ཉམས་དང་ངག་ཉམས་མང་པོ་ཅིག་བྱུང༌། དེའི་རྗེས་སེམས་ཟིན་ནས་ཏིང་ངེ་འཛིན་མང་པོ་སྐྱེས་ཏེ་སྒོམ་ཆེན་བཟང་པོ་ཅིག་བྱུང་འདུག་གོ །ཡང་སྒོམ་ཆེན་ཅིག་སྨྱོ་ནས་བླ་མ་གཞན་གཉིས་ཙམ་ལ་གཏུགས་པས་ཡང་ཡེ་མ་ཕན་ཟེར་བ་ཅིག་རྗེ་ཉིད་ཀྱི་དྲུང་དུ་ཁྲིད་བྱུང་པས། སྔར་ཀོ་བྲག་པས༷་སྨྱོ་བ་ཅིག་ལ་འདི་འདྲ་བྱས་པས་ཕན་བྱ་བ་འདུག །རང་རེ་ཡང་ཨེ་ཕན་བལྟ་གསུངས་ནས། མི་དེ་ལ་ཁྱོད་རང་ཡང་རླུང་ཉི་ཤུ་རྩ་གཅིག་བུས། དགེ་སློང་རིན་བློས་གྲངས་འཛིན་དང་བསྐུལ་མཁན་གྱིས་གསུངས། ཁོས་རླུང་རེ་བུས་པ་དང༌། བླ་མས་རླུང་རྔུབ་ཐེངས་རེ་མཛད་ཀྱིན་འདུག །ཉེར་གཅིག་སོང་བ་དང་སྐད་པའི་སྒོར་བྱོན་ནས་རླུང་བཏང་སྟེ་གཟིམས་ཁང་དུ་བྱོན་སོང༌། ཁོའི་སྨྱོ་བ་དེ་ཡང་འཕྲལ་ལ་སངས། དྲིལ་བུ་བའི་དབང་བསྐུར་ཅིག་དང༌། གུར་མགོན་གྱི་རྗེས་གནང་ཅིག་ཞུས་ནས་སོང་ངོ༌། །ཡང་ཁམས་པ་དགེ་བཤེས་ཅིག་ལ་ཁམས་འཛག་པའི་གེགས་ཐུ་མོ་ཅིག་འདུག་པ་རྒྱུ་མཚན་ཞུས་པས་ཅི་ཡང་མི་གསུང༌། ནང་པར་ཁར་སོང་གི་དགེ་བཤེས་དེ་ཁྲིད་ཤོག་གདོན་གྱིས་འཛག་པར་འདུག་གསུངས་ནས་མི་དེ་ལ་བྱིན་རླབས་དང་དམིགས་པ་འདྲ་མཛད་ཀྱིན་འདུག་པས་བར་ཆད་དེ་ལས་གྲོལ་ལོ། །དེ་ལ་སོགས་པ་དགེ་སྦྱོར་མ་སྐྱེས་པ་བསྐྱེད་པ་དང༌། གེགས་སེལ་བ་ལ་དབང་ཐོབ་པ་ཅིག་སྣང་ངོ༌། །ཡང་སྦྱོར་དྲུག་གསུང་དུས་ཅིག །སྟོང་གཟུགས་འདི་བསྐྱེད་རིམ་རྟོག་བསྒོམ་པ་ལ་མི་འཆར་བར་གསུངས་འདུག་ཀྱང་ངེས་པ་ཆེར་མེད་པ་འདྲ། ངས་ཐོ་རངས་ཚེ་སྒྲུབ་བྱེད་ཀྱིན་ཡོད་པ་དེ་དུས་ཚེ་དཔག་མེད་བསྒོམས་པས། སྤྲུལ་པའི་སྐུའི་རྣམ་པ་ཁྲི་དང་བཅས་པ་ཇི་ལྟར་བསྒོམས་པ་བཞིན་འཆར། དེ་ལ་མཆོད་པ་འབུལ་བའི་དམིགས་པ་བྱས་པས་མེ་ཏོག་མར་མེ་ལྷ་བཤོས་སོགས་ཀྱིས་ཉལ་ཁང་གི་ནང་ཁྲིག་