R79: གྲུབ་ཆེན་བུདྡྷ་ཤྲཱི་བའི་རྣམ་པར་ཐར་པ།

  • Pagination (Witness A): ༤༢༢
[A:༤༢༢]ཕན་པ་ལྷུར་མཛད་དོ། །དེ་བཞིན་དུ་བསམ་གཏན་ལ་བློ་ཁ་ཕྱོགས་པའི་གང་ཟག་རྣམས་ལ་ཏིང་ངེ་འཛིན་གྱི་ཕན་ཡོན་དང་བསྟན་པ་ལ་བྱ་བ་ཚུལ་བཞིན་དུ་བསྒྲུབ་པ་དེ་ཆོས་ཤེས་ནས་ཉམས་སུ་ལེན་པ་འདི་ཁོ་ན་ཡིན་ནོ་ཞེས་སྙན་པར་སྨྲ་བའི་ཚིག་ཡང་དང་ཡང་དུ་གསུངས་པས། གདུལ་བྱ་དེ་དག་ཏིང་ངེ་འཛིན་ཉམས་སུ་ལེན་པ་ལ་འཇུག་པར་མཛད་དོ། །གདུལ་བྱ་ཏིང་ངེ་འཛིན་ལ་དད་པར་བྱས་ཟིན་པའི་གང་ཟག་ཐུན་མོང་བ་རྣམས་ལ་ཐེག་པ་ཆེན་པོའི་བློ་སྦྱོང་དོན་བདུན་མ། ལམ་རྣམ་པར་ངེས་པ། ཀ་མ་ལ་ཤཱི་ལའི་དབུ་མ་སྒོམ་རིམ་ན་ཇི་ལྟར་འཚམ་པར་གསུངས་ལ། ཐུན་མོང་གི་ལམ་གྱིས་རྒྱུད་སྦྱངས་པའི་གང་ཟག་རྣམས་ལ། གསུང་ངག་སྦྱོར་དྲུག །གསང་འདུས་རིམ་ལྔ་རྣམས་ཇི་ལྟར་འོས་པར་གསུངས་ནས། གདུལ་བྱའི་རྒྱུད་ཏིང་ངེ་འཛིན་ལ་ལོངས་སྤྱོད་དུ་འཇུག་པར་མཛད་དོ། །གདུལ་བྱ་གཞན་ལ་མན་ངག་བསྟན་པ་ལྟར་རང་ཉིད་ཀྱང་ཉམས་སུ་ལེན་ཏེ། གསུང་ངག་སྔོན་མ་ཞུས་ནས་ད་ཉམས་ལེན་ལ་དྲིལ་དགོས་པ་འདྲ་སྙམ་པའི་འདུན་པ་སྐྱེས་པ་ན། མཚན་ཅིག་མནལ་ལམ་དུ་ཞི་དགོན་གྱི་རི་ལ་འཛེགས་ནས་ཁང་ཆུང་ཅིག་ཏུ་ཕྱིན་པས། དེ་ན་རྗེ་བཙུན་ག་ཡ་དྷ་ར་ཡིན་སྙམ་པའི་པཎྜི་ཏ་དཀར་པོ་ཅིག་ན་རེ། ལམ་གྱི་ཐུན་བཞི་ལ་དབང་བཞི་བསྒོམས་པས་ལུས་ལ་བརྟེན་ནས་བདེ་ཆེན་གྱི་སྒྲིབ་པ་འགག་ཅིང་འཚང་རྒྱ་བར་གསལ་བས་བཤད་རྒྱུད་ཅེས་པའི་གཞུང་དེ་འདོན་གྱིན་འདུག་པ་གསལ་པོ་ཅིག་རྨི། སད་པ་དང་ད་དེར་བསྡད་པ་འཐད་པ་ཡིན་དགོངས་ཏེ། ཞི་དགོན་རི་ཁྲོད་ལ་མཁར་ལས་མཛད་ནས་བདེ་བར་མ་གཤེགས་ཀྱི་བར་ལ་གནས་དེ་ཉིད་དུ་བཞུགས་ནས་འདུ་འཛི་དང་རྣམ་གཡེང་ཐམས་ཅད་སྤངས་ཏེ། ཉམས་ལེན་ཁོ་ན་ལ་དྲིལ་ནས་བཞུགས་པས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་འཁྲུངས་ཤིང༌། དེའི་རྒྱུད་ཐུགས་དམ་ལ་བརྩོན་པར་མཛད་དེ། དེ་ཡང་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ཏེ་སྐྱབས་འགྲོ་མང་དུ་མཛད། དེ་ནས་སྤྱོད་འཇུག་ནས་འབྱུང་བའི་སེམས་བསྐྱེད་རྒྱས་པ་རེ་ལེན། དེ་ནས་ལམ་ཟབ་བླ་མའི་རྣལ་འབྱོར་དང༌། དེའི་དེ་ཁོ་ན་ཉིད་ལ་སེམས་འཇོག་པའི་སྐབས་སུ་ཡུན་རིང་དུ་མཉམ་པར་འཇོག །འདིར་སྦྱོར་