R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༣༨༩
[A:༣༨༩] ཁྲོ་བ་དང་འཁོན་དུ་འཛིན་པ་དང་བྲལ་བ། གཞན་ལ་སྙིང་བརྩེ་བ་དང༌། ཐམས་ཅད་ལ་བྱམས་པའི་ཐུགས་དང་ལྡན་པ། གཞན་གྱིས་ཅོ་འདྲི་བ་དང་བསྡིགས་པ་ལ་སོགས་ཀྱི་རྒོལ་བས་གླགས་མི་རྙེད་པ། སྐྱེས་བུ་དམ་པའི་རྣམ་ཐར་བཟོད་པ་དང་དེས་པའི་ངང་ཚུལ་ཅན། ཀློག་དང་ཡི་གེ་ལ་སོགས་པ་རིག་པ་ཐམས་ཅད་བརྡ་ཕྲད་པ་དང༌། མཐོང་བ་ཙམ་དང༌། ཐོས་པ་ཙམ་གྱིས་མཁྱེན་པ། རྣམ་དཔྱོད་གསལ་ཞིང་ཆགས་པ་དང་རྣམ་པར་འཚེ་བ་ལ་སོགས་པས་སྲོག་ཆགས་དམན་པ་ལ་ཡང་བརྙས་པ་དང་སྨོད་པ་སྤངས་པ། ཞི་བ་དང་དུལ་བ་ལ་སོགས་ཡོན་ཏན་དུ་མ་དང་ལྡན་པར་གྱུར་ཏོ། །གཉིས་པ་ལུང་རྟོགས་ཀྱི་ཡོན་ཏན་བརྙེས་པའི་ཚུལ་ནི། འཁྲུངས་ནས་ཟླ་བ་གསུམ་ཙམ་ནས་ཏིང་ངེ་འཛིན་ཟབ་མོ་ལ་མངའ་བརྙེས་ཤིང་མངོན་པར་ཤེས་པ་དང་ལྡན་པ་ཆོས་རྗེ་ཉན་པོ་བ་བསོད་ནམས་བརྟན་པ་ལས་བདེ་མཆོག་དྲིལ་བུ་པའི་དབང་གསན། དེ་ནས་དགུང་ལོ་གསུམ་ཙམ་བཞེས་པ་ན་མཁས་གྲུབ་ཆེན་པོ་རོང་པ་ཤེས་རབ་སེང་གེས་སྐུ་རིམ་པ་མཛད་དེ། གཤིན་རྗེའི་གཤེད་དམར་པོ་ལྷ་ལྔའི་དབང་བསྐུར་ཡང་གསན། དེ་ཙམ་ན་སྒྲོ་སྨོན་ཅན་གྱི་བླ་མ་བཟང་པོ་པ་ལ་ས་ལུགས་ཀྱི་འཇམ་དབྱངས་ཨ་ར་པ་ཙ་ནའི་ལུང་ནོས་ནས་བླ་མས་ཀྱང་སྒྲུབ་གྲོགས་མཛད་དེ་ཟླ་བ་གསུམ་ཙམ་བསྒྲུབས་པས་ཐུགས་རབ་ཐོགས་པ་མེད་པ་བྱུང༌། བརྩམས་པ་ཐམས་ཅད་ཀྱི་མགོར་ཡང་འཇམ་པའི་དབྱངས་ལ་མཆོད་བརྗོད་མཛད། དེ་ཉིད་ལ་ཐོག་མར་བརྟག་གཉིས་ཀྱི་བཤད་སྦྱར་མཛད། དགུང་ལོ་བརྒྱད་པ་ལ་རིན་ཆེན་སྒང་དུ་སྡེ་སྣོད་འཛིན་པ་དུ་མའི་དབུས་སུ། རྒྱ་བོད་ཀྱི་མཁས་གྲུབ་དུ་མ་དང༌། ཡབ་མེས་གོང་མ་རྣམས་ཀྱི་བཞེད་སྲོལ་ཕྱིན་ཅི་མ་ལོག་པར་རྣམ་གྲངས་དུ་མས་གསལ་ཞིང་རྒྱ་ཆེ་བར་གསུངས་པས། སྡེ་སྣོད་འཛིན་པ་ཐམས་ཅད་ཀྱང་ངོ་མཚར་ཞིང་སྙན་པའི་གྲགས་པ་སྒྲོགས་སོ། །དེ་ནས་ཡབ་ཡུམ་ལ་སོགས་པ་ལ་རབ་ཏུ་བྱུང་བའི་ཞུ་བ་ནན་ཆེར་ཞུས་ཀྱང་ཡུན་རིང་པོར་མ་གནང༌། རབ་ཏུ་བྱུང་བ་ལ་དཀའ་ལས་ཆེན་