R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༣༨༨
[A:༣༨༨]མགོན་པོ་འཇམ་པའི་དབྱངས་ཀྱིས་བྱིན་གྱིས་བརླབས་པ། ལྷ་དང་བཅས་པའི་གཙུག་རྒྱན་དུ་གྱུར་པ་འབའ་ཞིག་ཡིན་ལ། ཆོས་རྗེ་འདི་ཉིད་ཀྱང་མཁས་གྲུབ་དུ་མས་བྱིན་གྱིས་བརླབས་ཤིང་བརྟེན་པའི་ཆོས་གྲྭ་ཆེན་པོ་དཔལ་ལྡན་ས་སྐྱའི་གདན་ས་དེ་ཉིད་དུ་འཁོན་གྱི་གདུང་རབས་དྲི་མ་མེད་པའི་རིགས་ཡབ་བདག་ཉིད་ཆེན་པོ་དགུང་ལོ་ལྔ་བཅུ་བཞེས་པ་དང༌། ཡུམ་སྡེ་ཆེན་པོ་ཞ་ལུའི་གཙུག་ལག་ཁང་ཆེན་པོ་སྐུ་ཞང་མགོན་པོ་དཔལ་གྱི་སྲས་མོ་ཇོ་མོ་ལུགས་སྐྱེས་རབ་ཏུ་བྱུང་བའི་མཚན་གཞོན་ནུ་འབུམ་ལོ་ཉེར་བདུན་ལོན་པའི་ཚེ། ཆོས་རྗེ་འདི་ལྷུམས་སུ་འཇུག་པ་ནི་ཡུམ་གྱི་རྨི་ལམ་དུ། ཉི་མའི་འོད་ཟེར་རྒྱས་པ་ལྟོ་བར་ཞུགས་པ་དང༌། གཡས་རུ་གཙང་པོ་དུས་གཅིག་ལ་འཐུངས་པ་དང༌། ཆུ་དེ་ལ་མི་མང་པོ་བརྒལ་བར་ཆས་པས། དེ་རྣམས་ཆུ་ལ་སྒྲོལ་བར་རྩོམ་པ་རྨིས་ཏེ། བོ་དོང་ཨེའི་བླ་མ་འཁོན་སྟོན་པ་ལ་ཞུས་པས་ཁྱེད་ལ་སྲས་སངས་རྒྱས་ཀྱི་བསྟན་པའི་གསལ་བྱེད་ཆེན་པོ་ཞིག་གམ། ཡང་ན་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལྟ་བུ་བསོད་ནམས་དང་ལྡན་པ་ཅིག་བལྟམས་པའི་ལྟས་ཡིན་ཞེས་ལུང་བསྟན། ཆུ་ཕོ་བྱི་བའི་ལོ་ས་ག་ཟླ་བའི་ཚེས་བརྒྱད་ཀྱི་སྔ་དྲོ་རིན་ཆེན་སྒང་གི་བླ་བྲང་གོང་མར་སྐུ་འཁྲུངས། དེའི་ཚེ་ས་གཡོ་བ་དང༌། ནམ་མཁའ་ལ་འཇའ་ཚོན་འཁྲིགས་པ། ཁའུ་གཙང་ངོ་ཆེར་རྒྱས་པ་ལ་སོགས་པ་དགེ་ལེགས་ཀྱི་ལྟས་མང་དུ་བྱུང་བས་མི་ཐམས་ཅད་ཇོ་མོའི་སྲས་འཁྲུངས་པའི་ལྟས་ཨ་ལ་ལ་ཞེས་དགའ་ཞིང་ངོ་མཚར་བར་གྱུར་ཏོ། །མཚན་ཡང་རྨི་ལྟས་དང་མཐུན་པར་ཉི་མ་བདེ་བའི་བློ་གྲོས་ཞེས་བཏགས་སོ། །བླ་ཆེན་ཏི་ཤྲཱི་ཀུན་དགའ་བློ་གྲོས་ལ་སོགས་པ་ཡབ་གཅིག་ཡུམ་མི་གཅིག་པའི་སྐུ་མཆེད་དགུ་འཁྲུངས་པའི་མཐའ་ལྟག་ནི་ཆོས་རྗེ་ཉིད་ཡིན་ནོ། །སྲས་དེ་གསོ་བའི་མ་མ་ཀུན་དགའ་སྐྱིད་ཅེས་པ་ལ་གཏད་དེ་བསྐྱེད་བསྲིངས་ཏེ། རང་བཞིན་གྱིས་ཡིད་དུ་འོང་བ། གཟུགས་མཛེས་ཤིང་བལྟ་ན་སྡུག་པ། ཀུན་གྱི་ཡིད་དུ་འོང་བ། རང་བཞིན་གྱིས་སྤྱོད་པ་དང་ངང་ཚུལ་བཟང་བ།