R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༤༠༣
[A:༤༠༣]བ་བཏབ་པས་ཁོང་རྣམས་རེས་ཅིག་ལོག་སོང་གསུངས། ཡང་སྐབས་ཤིག་ན་ད་ནང་ཐོ་རངས་མཁན་ཆེན་བུ་སྟོན་རིན་པོ་ཆེ་བཞུགས་པའི་ས་ཅིག་ན། རྡོ་རྗེ་རྣལ་འབྱོར་མ་ཡིན་སྙམ་པ་ཅིག་འདུག་པ། མཁན་ཆེན་བུ་སྟོན་པ་ན་རེ། འདི་མཁའ་སྤྱོད་མ་ཡིན་ནོ་གསུངས་པའི་སྣང་བ་ཅིག་བྱུང་གསུངས། སྐུ་ནས་གཞོན་དུས་སུ་ཡང༌། ཕ་དམ་པ། ཁ་ཆེ་པཎ་ཆེན། ས་སྐྱ་པཎ་ཆེན་ལ་སོགས་པ་དང་མནལ་ལམ་དུ་མཇལ་ཞིང༌། ཡང་ཉིན་གཅིག་ཕྱག་མཛུབ་ཀྱི་ཚིགས་ལ་ཚོད་མཛད་ནས། འདི་ཀ་ཙམ་པའི་དེ་བཞིན་གཤེགས་པ་མང་པོས་ཞིང་འདི་ཐམས་ཅད་གང་འདུག་གསུངས། ས་སྐྱ་པའི་གདུང་རབས་ཡིན་ངེས་པ་རྣམས་ལ་ནི། བིརྺ་པ་ལ་སོགས་པ་བླ་མ་གོང་མ་རྣམས་ཞལ་གཟིགས་པ་དང་ལུང་སྟོན་པ་ལ་སོགས་པ་ངེས་པར་འབྱུང་བ་ཡིན་པར་འདུག་པས། ཆོས་རྗེ་ལ་ཡང་བླ་མ་གོང་མ་རྣམས་སམ། དག་པའི་ཞིང་ཁམས་འདྲ་གཟིགས་པ་ལགས་སམ་ཞུས་པས། དེ་ཚོ་ཐམས་ཅད་ཁར་སོང་ནས་མང་དུ་བྱོན་ནས་བཞུད་ཟིན་པས་ཁྱོད་ཀྱིས་མ་ཚོར་རམ་གསུངས། དེ་ཞིབ་ཏུ་མ་བྱུང་ཞིང་ཞུ་བ་ཡང་མ་བྱུང་བར་སྣང་ངོ༌། །དགུང་ལོ་དྲུག་ཅུ་རེ་བཞི་བཞེས་པའི་ཡོས་ལོ་ཟླ་བ་དྲུག་པའི་བཅུ་དགུའི་ཉིན། ཐམས་ཅད་མཐུན་སྣང་དུ་གྲུབ་པར་དྲི་ཞིམ་པོ་དང་ལྡང་བ་བྱུང་བས། ཁྱེད་རྣམས་ཀྱིས་སྤོས་ཅི་བསྲེགས་པ་ཡིན། སུས་ཀྱང་ཅི་ཡང་བསྲེགས་པ་མི་འདུག་པས། ལྷའི་དྲི་བསུང་གིས་ཀུན་ནས་ཁྱབ་པ་བྱུང༌། ཉི་ཤུའི་ཉིན་གསུང་ཆེམས་ཀྱི་ཞལ་ཏ་མང་པོ་གནང༌། ཁྱད་པར་དུ་སྐུར་བའི་གཞི་བྱུང་གིས་དོགས་ནས། ངས་ལོ་བཅུ་བདུན་ལ་རབ་ཏུ་བྱུང་བ་ནས། དེང་ཕན་ཆད་འདུལ་ཁྲིམས་ལ་ངོ་ལྐོག་མེད་པར་རྣམ་པར་དག་པ་ཡོད་པས། ང་ལ་རབ་ཏུ་བྱུང་བ་དང༌། བསྙེན་པར་རྫོགས་པ་བྱས་པ་ཐམས་ཅད་ཡིད་བརྟན་དུ་རུང་བ་ཡོད་ཅེས་གསུང་ཤོག་མཛད། དེ་ཐམས་ཅད་དཔང་དུ་བཞག་སྟེ་ནན་ཏན་དུ་མཛད་དོ། །ཇི་སྲིད་བསྙུང་གི་བར་ལའང་ཐུགས་དམ་གྱི་རིམ་པ་ཐམས་ཅད་ཆགས་པའི་སྐབས་མེད་ཅིང༌། ཁྱད་པར་དུ་ཉི་ཤུ་ལྔའི་ཉིན་ཡང་ཕྱག་གིས་ཕྲེང་བ་འཛིན་ཤུགས་