R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༤༠༢
[A:༤༠༢]འདོད་པ་གྲུབ་ཅིང་བསམ་པ་ཚིམ་པར་མཛད་པ་གནས་སྐབས་དང་མཐར་ཐུག་གི་བདེ་བ་དུ་མ་ལ་བཀོད་དོ། །དགུང་ལོ་དྲུག་ཅུ་རེ་བཞི་པ་ལ་ཆོས་རྫོང་དུ་བསྟན་པའི་གསལ་བྱེད་དགེ་བའི་བཤེས་གཉེན་མང་པོ་ལ་ངའི་དབང་བསྐུར་བྱེད་པའི་ཐ་མ་ཡིན། ད་ལན་ཤོག་གསུངས་ནས་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར་དུ་དབང་བསྐུར། དེའི་ཚེ་མེ་ཏོག་གི་ཆར་ཆེན་པོ་བབ། མགུར་ཆམ་ཅིག་ལ་བརྟེན་ནས་སྐུ་ཁམས་ཅུང་ཟད་ལྟེམ་ཡང༌། ཡར་ལུང་དུ་ཆོས་འཁོར་ལ་གདན་འདྲེན་པ་ལ། ཆོས་རྫོང་ནས་འཇང་གི་གཙུག་ལག་ཁང་དུ་གཟིམས། སོང་ཆུའི་ཀོ་བ་ལ་བྱོན་པའི་ཚེ། འདི་རང་ངའི་ཀོ་བའི་ཐ་མ་ཡིན་ནམ་གསུངས། འོན་ཀྱང་རྡོར་ཆག་ཕེབས་པས་རྡོ་རིངས་ཀྱི་རྩ་ནས་གཙུག་ལག་ཁང་ལ་ཕྱག་གྲངས་ལས་འདས་པ་དཔག་ཏུ་མེད་པ་མཛད། རྡོ་རར་ཆག་ཕེབས་པའི་ནུབ་མོ། །ཁར་སང་འཇང་དུ་བསྡད་པའི་ནུབ་མོ་དེ་སོ་མ་བསོད་གསུངས། དེ་ཅི་ལགས་ཞུས་པས། དེ་ནུབ་དབུས་ཀྱི་ལྷ་འདྲེ་ཐམས་ཅད་ཡིན་ཟེར་བའི་འབག་གྱོན་པ་དང༌། འཆམ་སྐུ་འདྲ་དང༌། སེམས་ཅན་གྱི་རིགས་གཟུགས་སྣ་ཚོགས་པ་མང་པོ་ཞིག་འདུས་ནས་མདུན་དུ་གྲལ་ཀ་འདྲ་ཅིག་བྱས་ནས་ཞུ་བ་བྱ་རྒྱུ་ཡོད་པ་ཡིན་ཟེར། དེའི་ནང་གི་བུད་མེད་ཅིག་ལ་ཁྱོད་ཀྱིས་ཞུ་བ་གྱིས་ལ་འདི་ནས་གཞན་དུ་མི་འབྱོན་པར་གསོལ་བ་ཐོབ་ཟེར་བའི་སྣང་བ་ཅིག་བྱུང༌། དེ་རང་ཆོས་རྫོང་གི་གཞི་བདག་མོ་དེ་ཡིན་པའི་རིགས་སུ་འདུག་གསུངས། འོ་ན་ད་རུང་བྱོན་པ་མི་འཐད་དམ་ཞུས་པས། ད་བསམ་ཡས་སུ་བསྡད་པས་ཆོག་གི་གསུངས། བསམ་ཡས་སུ་ཕེབས་ནས་ཞི་བ་འཚོའི་དབུ་ཐོད་གདན་དྲངས་ནས་འདི་འོ་ཅག་བོད་ལ་བཀའ་དྲིན་ཆེ་བ་ཡིན་གསུངས་ནས་དེ་ལ་ཉིན་རེ་བཞིན་སྐུ་ཁམས་ཀྱིས་མི་ལྕོགས་བཞིན་དུ། ཕྱག་བརྒྱ་རྩ་དང༌། མཆོད་པ་རྒྱ་ཆེར་མཛད་ནས་སྨོན་ལམ་དཔག་ཏུ་མེད་པ་མཛད། བསྙུང་བའི་ཚེ་དགའ་ལྡན་པའི་ལྷ་ཡིན་ཟེར་བ་ཅིག་གིས་རིན་པོ་ཆེའི་ཁྲི་ཅིག་དང༌། སྒྲོམ་བུ་ཅིག་ཁྱེར་ནས་བླ་མ་གདན་འདྲེན་པ་ཡིན་ཟེར་བའི་སྣང་བ་ཅིག་བྱུང་གསུངས། བཞུགས་པར་གསོལ་