R77: དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་གྱི་རྣམ་པར་ཐར་པ།

  • Pagination (Witness A): ༣༩༥
[A:༣༩༥]དགའ་བ་དེའི་མཐུན་ཕྱོགས་ཁོ་ན་མཛད་དེ། གཞན་གྱི་འདོད་པ་སྒྲུབ་པའི་གེགས་རྣམ་པ་ཐམས་ཅད་དུ་མི་མཛད་པར་སྣང་ཞིང༌། གཞན་ལ་ཕན་པ་དང་བདེ་བ་འབའ་ཞིག་ཅི་ནུས་སུ་སྒྲུབ་པར་མཛད་དེ། ཐ་ན་སྐྱེ་བོ་དམན་པ་སྤྲང་པོ་ཅིག་གི་ལམ་དུ་མིག་ན་བ་ལ་སོགས་པས་ཀྱང་ཞུས་ན་དེའི་མདུན་དུ་བཞུགས་ཏེ། ལྗགས་ཆབ་བམ། གདམས་ངག་སྨན་སྦྱོར་ལ་སོགས་པ་ཐབས་ཇི་ལྟར་མངའ་བས་ཕན་འདོགས་ཤིང་ཕ་མས་བུ་ལ་བྱ་བ་བཞིན་མཛད་པ་འདི་ནི་ཀུན་གྱིས་མཐུན་སྣང་དུ་གྲུབ་པའོ། །གཞན་ཡང་བདག་པས་གཞན་གཅེས་པར་འཛིན་པའི་བྱང་ཆུབ་ཀྱི་སེམས་མངའ་བ་སྟེ། དཔལ་ལྡན་ས་སྐྱ་པའི་གདུང་རབས་རྩོད་མེད་བོད་ཤིང་སྒོ་ཅན་གྱི་བདག་པོ་འཕགས་པ་རིན་པོ་ཆེའི་གཞི་ཐོག་གི་གདན་སར་མངའ་ཕུལ་ཏེ། གུ་ཤྲཱིའི་མཚན་དང༌། དམ་ཁ་ལ་སོགས་གོང་ནས་འཇའ་ས་དང༌། གནང་སྦྱིན་ཡང་ཡང་བྱུང༌། གདུང་བརྒྱུད་ཐམས་ཅད་ཀྱི་གཙོ་བོར་གྱུར་པ་ཡིན་པས། འཆད་ཉན་ལ་སོགས་པའི་བསྟན་པའི་བྱ་བ་དང༌། སྡེ་དང་རྒྱལ་ཁམས་ཆོས་བཞིན་དུ་སྐྱོང་བ་ལ་སོགས་པའི་ཐུགས་ཀྱི་གོ་ཆ་ཆེན་པོ་བགོས་ན་ཡང༌། ཞལ་ངོ་གདུང་བརྒྱུད་མང་བས། རང་རང་སོ་སོ་ནས་ས་སྐྱའི་བདག་པོ་བྱ་བར་འདོད་པས། ས་སྐྱར་བཞུགས་ཙ་ན་སྐུ་བསོད་དང་མངའ་ཐང་ལ་མི་འཆམ་པས། སོ་སོ་ནས་འཁྲུག་ལོང་དང་རང་གཞན་ཐམས་ཅད་ཆགས་སྡང་མི་དགེ་བ་སྟོབས་ཆེན་འཕེལ་བའི་རྣམ་འགྱུར་མང་པོ་གཟིགས་ནས། རང་གི་འཇིག་རྟེན་འདིའི་འཁོར་ལོངས་སྤྱོད་གོག་པ་དང༌། མངའ་ཐང་བདེ་སྐྱིད་ཐམས་ཅད་ལ་གཅེས་པར་འཛིན་པ། འཇིག་རྟེན་ཆགས་སྡང་གི་ཁྱུ་ནས་བུད་དེ། གཞན་ཇི་ལྟར་འདོད་པ་བཞིན་བྱེད་དུ་འཇུག་པ་དེ་ཉིད་ཆོས་དང་མཐུན་པར་དགོངས་ནས་གཞན་ཅི་དགར་བཅུག་ཅིང་དགའ་མགུར་མཛད་དེ། རང་ཉིད་དགས་ཀོང་ལ་སོགས་པ་གཞན་ལ་གནོད་པར་མི་འགྱུར་བའི་གནས། བདག་གཡེང་བ་མེད་པ་རྣམས་སུ་འཇིག་རྟེན་གྱི་བྱ་བ་ཐམས་